མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སློབ་གྲྭའི་དགེ་རྒན་རྩ་འཛུགས་བྱས་ཏེ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོའི་སློབ་ཁྲིད་ཇུས་འགོད་དང་རྟོག་ཞིབ། ལྟ་སྦྱོང་བཅས་ཀྱི་བྱེད་སྒོ་ཐོག་མ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་སྔོན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་རང་རེའི་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་སོ་སོའི་དགེ་རྒན་རྩ་འཛུགས་བྱས་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་རང་བྱུང་སློབ་གསོའི་སློབ་ཁྲིད་ཇུས་འགོད་དང་རྟོག་ཞིབ། ལྟ་སྦྱོང་བཅས་ཀྱི་བྱེད་སྒོ་ཐོག་མ་སྤེལ།

བྱེད་སྒོ་སྤེལ་བའི་སྐབས་སུ། ལྟ་སྦྱོང་ཚན་ཆུང་དང་བཅས་པ་རྒྱལ་ཁབ་སྤྱི་གླིང་དོ་དམ་སྲུང་སྐྱོང་ས་ཚིགས་དང་གཞི་གྲངས་ཆེན་མོའི་ལྟེ་གནས་སོགས་སུ་ཡོང་ནས། རང་བྱུང་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ཤེས་རྟོགས་བྱས་ཏེ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་རིག་གནས་ལ་མྱོང་ཚོར་ཟབ་མོ་བླངས་པ་དང་། རང་བྱུང་སློབ་གསོ་ལག་ལེན་གྱི་སློབ་ཁང་གི་ཀློག་དེབ་དང་སློབ་ཁྲིད་གསར་སྤེལ་ལ་འཚམ་པའི་ཚན་རིག་འདུ་ཤེས་དང་གསར་གཏོད་ཀྱི་བསམ་ཕྱོགས་འཚོལ་ཞིབ་བྱས་ནས་གྲུབ་ཡོད་པ་རེད། “བྱེད་སྒོ་འདི་འདྲ་སྤེལ་བ་ནི་རང་བྱུང་སློབ་གསོའི་དགེ་རྒན་གྱི་ཆེད་ལས་བྱང་ཚད་ལ་ཤུགས་སྣོན་པར་ཕན་པ་ཡོད་པ་དང་། སློབ་གྲྭའི་རང་བྱུང་ཐོན་ཁུངས་ཀྱི་སློབ་གསོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་ཐུབ།” ཅེས་ཟི་ལིང་གྲོང་ཁྱེར་བདུན་གཅིག་སློབ་ཆུང་གི་རུ་ཆེན་གྱི་ཟུར་ཁྲིད་པ་ལུའུ་ལིས་ལིས་བཤད།

ཐེངས་འདིའི་བྱེད་སྒོ་སྤེལ་བ་དེས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་སློབ་གསོའི་སྡེ་ཁག་དང་སྤྱི་ཚོགས་རྩ་འཛུགས། ཁེ་ལས་དང་བྱ་གཞག་ལས་ཁུངས་བཅས་དང་མཉམ་མྱོང་སྤེལ་རེས་མཉམ་ལས་གཏིང་ཟབ་ཐུབ་པ་བྱས་ནས། ཕྱོགས་མང་པོ་མཉམ་སྐྲུན་གྱི་རྒྱལ་ཁབ་སྤྱི་གླིང་ནང་ཞུགས་པར་ནུས་པ་ལྡན་པའི་སྐུལ་མ་ཐེབས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྗེས་ཕྱོགས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་རྒྱུད་ཀྱི་རང་བྱུང་སློབ་གསོའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། གཏིང་ཟབ་སྒོས་རང་བྱུང་སློབ་གསོའི་ཐོན་ཁུངས་གསར་སྤེལ་བྱེད་པ་དང་། རང་བྱུང་སློབ་གསོའི་སློབ་ཁྲིད་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ། རང་བྱུང་སློབ་གསོའི་ཞབས་ཞུའི་སྒྲིག་བཀོད་རིམ་བཞིན་འཐུས་ཚང་དུ་གཏོང་བ། རང་བྱུང་སྐྱེ་ཁམས་མྱོང་རོལ་ཁུལ་དང་རང་བྱུང་སློབ་གསོའི་ལས་སྟེགས་ཧུར་ཐག་གིས་གཏོད་པ་བཅས་བྱས་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་རང་བྱུང་སློབ་གསོ་ཚད་ལྡན་ཅན་དང་མ་ལག་ཅན། དེང་རབས་ཅན་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།