ཏང་གི་རླབས་ཆེ་བའི་སྙིང་སྟོབས་ནི་དུས་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་དེ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས17པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཏང་གི་རླབས་ཆེ་བའི་སྙིང་སྟོབས་ནི་དུས་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་དེ་ཡིན》ཞེས་པ་བཀོད་ཡོད།

གསུང་རྩོམ་ལས་ནན་གྱིས་བསྟན་དོན། མི་ལ་སྙིང་སྟོབས་མེད་ན་བརྟན་ཅིང་བརླིང་བ་ཞིག་མིན་ལ། རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་སྟོབས་དང་ལྡན་པ་ཞིག་མིན། སྙིང་སྟོབས་ལ་བརྟེན་ནས་ཀྲོང་ངེར་ལངས་ཐུབ་པ་དང་། བརྟན་བརླིང་ཡོང་ཚེ་མི་རིགས་ཤིག་གཞི་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་དྲག་པོའི་ཁྲོད་འགྱིང་ངེར་གནས་ཐུབ། རང་རེའི་ཏང་འདི་ཉིད་ལོ་ངོ་བརྒྱ་ཡི་རིང་གི་འབད་འཐབ་ལ་བརྟེན་ནས་སྟོབས་ཀྱི་མངའ་ཐང་རྒྱས་ཤིང་། དཀའ་སྡུག་ཚད་མེད་མྱངས་ཀྱང་མི་རབས་ནས་མི་རབས་བར་དཔའ་མི་ཞུམ་པ་ནི། གསར་བརྗེ་དང་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས་ཆེན་པོ་འདི་འདྲར་བརྟེན་ཡོད་པས་ཡིན། དཀའ་ངལ་དང་འཐབ་རྩོད་བྱེད་པ་ནི་དངོས་པོའི་སྟོབས་ཤུགས་ཁྱད་པར་ཅན་ཞིག་ཡིན་ལ། བསམ་པའི་བཙན་རྫོང་ཞིག་ཀྱང་ཡིན་ཞེས་བསྟན།

གསུང་རྩོམ་ལས་བསྟན་དོན། ལོ་ངོ་བརྒྱ་ཡི་སྔོན་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་བདེན་དོན་མཐའ་འཁྱོངས་དང་། ཕུགས་བསམ་བརྟན་སྲུང་། ཐོག་མའི་ཕུགས་འདུན་ལག་བསྟར། འགན་འཁྲི་འཁུར་ཕོད་པ། འཆི་བར་མི་སྐྲག་པ། དཔའ་ངར་ཆེན་པོས་འཐབ་རྩོད་བཅས་བྱས་ཏེ་ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ཀྱི་ཆུད་མི་ཟ་བའི་རླབས་ཆེན་གྱི་ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་ཤིག་ཆགས་ཡོད་པ་འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན། ལོ་ངོ་བརྒྱ་ཡི་རིང་ལ་ཀྲུང་གོའི་གུང་ཁྲན་ཏང་གིས་ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེ་བའི་སྙིང་སྟོབས་དར་སྤེལ་བཏང་ནས་ཅིན་ཀང་རི་བོའི་སྙིང་སྟོབས་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས། ཙུན་དབྱིའི་གྲོས་ཚོགས་ཀྱི་སྙིང་སྟོབས། ཡན་ཨན་གྱི་སྙིང་སྟོབས། ཞི་པའེ་ཕོའི་སྙིང་སྟོབས། ཧུང་ཡན་གྱི་སྙིང་སྟོབས། མེ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས། “འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་སྙིང་སྟོབས། དམིགས་བསལ་ཁུལ་གྱི་སྙིང་སྟོབས། བྲུབ་འགོག་སྙིང་སྟོབས། ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས། རིམས་འགོག་སྙིང་སྟོབས་ལ་སོགས་པའི་སྙིང་སྟོབས་རླབས་པོ་ཆེ་ཆགས་ཏེ། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་བཙུགས་ཡོད། རིན་ཐང་བྲལ་བའི་བསམ་པའི་རྒྱུ་ནོར་འདི་དག་ཡུལ་དུས་ལས་བརྒལ་བ་དང་ལོ་རྒྱུས་ཀྱི་རྒྱུན་རིང་བ་ཞིག་ཡིན་པས། འདིའི་སྟེང་ནས་ཏང་གི་དད་སེམས་བརྟན་པོ་དང་རྩ་བའི་དམིགས་ཡུལ། སྤྱོད་ཚུལ་བཟང་པོ་བཅས་གཅིག་བསྡུས་ཀྱིས་མཚོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་མིའི་དཀའ་སྤྱད་འབད་འཐབ་དང་བློས་གཏོང་སྐྱེས་འཇོག གསར་འབྱེད་ཡར་བརྩོན་བཅས་ཀྱི་རླབས་ཆེན་གྱི་ཀུན་སྤྱོད་གཅིག་བསྡུས་ཀྱིས་རང་རེའི་ཏང་དང་རྒྱལ་ཁབ། མི་རིགས། མི་དམངས་ཀྱི་ཁྲག་རྒྱུན་ཁྲོད་འདྲེས་ཡོད་པས། རང་རེའི་ཏང་འཛུགས་པ་དང་ཏང་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བར་ཆ་རྐྱེན་ཕུན་སུམ་ཚོགས་པ་མཁོ་འདོན་བྱས་ཡོད་ཅེས་བསྟན།

གསུང་རྩོམ་ལས་བསྟན་དོན། ཚེ་སྲོག་ལ་ཚད་ཡོད་པ་དང་མཛད་བཟང་དཔའ་བོ་མང་པོའི་བླ་ན་མེད་པའི་སྙིང་སྟོབས་གྲུབ་པར་ཡང་ཚད་བཀག་ཡོད་མོད། འོན་ཀྱང་བསམ་པའི་རྒྱུ་ནོར་རྩ་ཆེན་པོ་ཞིག་ཆགས་ཡོད་པས་དུས་ནམ་ཡང་གནས་ཐུབ། མི་རིགས་གང་ཞིག་ཡིན་རུང་སྙིང་སྟོབས་འདི་འདྲ་ཞིག་གིས་དེའི་སྟོབས་དང་ལྡན་པའི་སྙིང་སྟོབས་ཤིག་གྲུབ་ཡོད་ལ། སྙིང་སྟོབས་འདི་ལྟ་བུ་ནི་དུས་རབས་འཕེལ་རྒྱས་ག་འདྲ་ཕྱིན་ནའང་དུས་ལས་འདའ་མི་སྲིད་ཅེས་བསྟན། 

གསུང་རྩོམ་ལས་བསྟན་དོན། རླབས་ཆེན་གྱི་བྱ་གཞག་གིས་རླབས་ཆེན་གྱི་སྙིང་སྟོབས་སྐྱེད་སྲིང་དང་། རླབས་ཆེན་གྱི་སྙིང་སྟོབས་ཀྱིས་རླབས་ཆེ་བའི་བྱ་གཞག་ལ་སྣེ་ཁྲིད་བྱེད་ཀྱི་ཡོད། ཏང་གི་རླབས་ཆེ་བའི་སྙིང་སྟོབས་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ནི་ང་ཚོའི་བསམ་པའི་རྒྱུ་ནོར་རྩ་ཆེན་དེ་ཡིན་ལ། ང་ཚོ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཀྱང་ཡིན། དེང་གི་ཀྲུང་གོ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་བསྐྱར་དར་ཡོང་བར་དངོས་པོའི་དཔལ་ཡོན་གསོག་འཇོག་བྱེད་དགོས་ལ་བསམ་པའི་དཔལ་ཡོན་སྔར་བས་དར་སྤེལ་བཏང་ནས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གིས་ལོ་ངོ་བརྒྱ་ཡི་རིང་ལ་འབད་འཐབ་བྱས་ནས་ཆགས་པའི་རླབས་ཆེན་གྱི་སྙིང་སྟོབས་ལ་བརྟེན་ནས། རང་ཉིད་གོང་འཕེལ་དང་རང་ཉིད་ལ་སྐུལ་ལྕག་བྱས་ཏེ་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་གི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རྒྱལ་ཁ་གསར་པ་སྔར་བས་ཆེ་བ་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས་ཞེས་བསྟན་ཡོད། 


རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།