མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐོར་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་སྲིད་གཙང་སྙན་ཞུའི་གྲོས་ཚོགས་དང་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐོར་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་སྲིད་གཙང་སྙན་ཞུའི་གྲོས་ཚོགས་དང་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་བརྙན་ལམ་གྲོས་ཚོགས་ཀྱི་རྣམ་པ་བརྒྱུད་ནས་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཚོགས་ར་གཙོ་བོ་དང་། ཞིང་ཆེན་དང་གྲོང་ཁྱེར(ཁུལ)རྫོང(གྲོང་ཁྱེར་དང་ཆུས)བཅས་ཀྱི་སྲིད་ཁྲིམས་ལས་ཁུངས་སོ་སོར་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་གྱི་མགོ་ཁྲིད་ལི་ཧུང་ཡ་དང་ཀྲང་ཙེ་ཅུན་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།

སྙན་ཞུའི་གྲོས་ཚོགས་སྟེང“ལྷག་བསམ་དག་པའི་སྙིང་སྟོབས་མཚོན་ཆ་བགོས། སྤྱོད་བཟང་འཇོན་ནུས་ཅན་གྱི་དཔེ་སྟོན་པ། ཧུར་བརྩོན་གྱིས་ཡིད་རྟོན་རུང་ལ་ཕྱི་ཐག་ཆོད་པའི་བློ་བདེའི་སྲིད་ཁྲིམས་དཔུང་སྡེ་འཛུགས་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གདན་དྲངས་ཏེ་ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་དཔེ་མཚོན་ལྡན་པའི་སྒྲིག་འགལ་ཁྲིམས་འགལ་དང་། ལྷག་པར་སྐོར་དང་པོའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱེད་སྐབས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་དང་། སྒྲིག་ཁྲིམས་ལྟར་གནས་ལུགས་དང་རྒྱུ་མཚན་བཅས་གསལ་པོར་འགྲེལ་བཤད་བྱས། ཉེན་བརྡའི་སློབ་གསོའི་ཚོགས་ཆེན་ཐོག་སྲིད་ཁྲིམས་ཁོངས་གཏོགས་ཀྱི་མགོ་ཁྲིད་ལས་བྱེད་པར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་དང་དེའི་བསླབ་བྱའི་ཉེན་ཟོན་བརྡ་ཁྱབ་བཏང་ནས། རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་སྒྲིག་ལམ་སྲུང་བ་དང་། གུས་སྐྲག་ཤེས་པ། དོགས་ཟོན་ཆེ་བ། མཐའ་ཚད་སྲུང་བ་བཅས་ཀྱི་སློབ་གསོ་དང་དྲན་སྐུལ་བྱས།

གྲོས་ཚོགས་སྟེང་རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་མགོ་ཁྲིད་ལས་བྱེད་པར་སྒྲིག་འགལ་ཁྲིམས་འགལ་གྱི་བསླབ་བྱ་གཏིང་ཟབ་བཏང་ནས་གཅིག་ཤེས་ཀུན་གྲོལ་དང་བསླབ་བྱ་བླངས་ཏེ་སྤྱོད་གཙང་སྲིད་ཞུགས་ཀྱི་འགག་སྒོ་ཡག་པོ་བསྲུངས་ནས་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྲིད་ཁྲིམས་ལས་བྱེད་པ་ཞིག་བྱེད་དགོས། སློབ་གསོ་དག་ཐེར་དང་སློབ་སྦྱོང་སློབ་གསོའི་ལྷུ་ཚིགས་ཀྱི་ལས་དོན་བླང་བྱར་དམིགས་ནས་རང་གཅུན་ནན་མོས་ཏང་གཤིས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དད་སེམས་ཇེ་བརྟན་དུ་གཏོང་བ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། དབང་ཆ་དྲང་གཞག་གིས་སྤྱད་དེ་གཞུང་སྒེར་གསལ་པོར་དབྱེ་བ། སྒྲིག་བཀུར་སྒྲིག་བརྩི་དང་རང་གཅུན་ལ་ཤུགས་སྣོན་བཅས་རྒྱག་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་སྔར་བས་ནན་ཏན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ལམ་ནན་གྱིས་སྲུང་བ། མི་དམངས་གོང་དུ་བཀུར་བ་དང་བྱ་གཞག་གཟི་བརྗིད་དུ་བརྩི་བ་བཅས་མཐའ་འཁྱོངས་བྱེད་པ། འགན་འཁྲི་གཙང་སྒྲུབ་བྱེད་པར་ནན་ཏན་བྱེད་པ། སྐོར་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་ནན་ཏན་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་རྣམས་ཀྱིས་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་གཞུང་དྲང་དང་དྲང་བདེན་ཚོར་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།