རིམས་ནད་ལ་བརྩེ་བ་མེད་ཀྱང་མི་སེམས་ལ་སྙིང་རྗེ་ཡོད། རིམས་འགོག་ཞལ་འདེབས་ཀྱིས་བརྩེ་བ་ཟབ་མོ་མཚོན།

“མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཅི་ཨར་ཅི་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨའོ་ཧྲི་གྲོང་ཁྱེར་དང་ཐུའོ་ཁེ་མ་ཁེ་གྲོང་ཁྱེར་ལ་པྲོག་གསར་རིམས་ནད་འགོག་རྒོལ་ལ་རོགས་སྐྱོར་དང་། དཀའ་ངལ་ཆེ་བའི་དུས་སྐབས་སུ་ཁེར་གྷི་སི་ཐན་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས། རྒྱལ་ཁབ་གཉིས་པོ་དང་། ས་ཁུལ། ཞིང་ཆེན་དང་གྲོང་ཁྱེར་བཅས་བར་གྱི་དུས་གཏན་དང་གྲུབ་འབྲས་ཅན་གྱི་འབྲེལ་འདྲིས་ཀྱིས་ཕྱོགས་གཉིས་པོའི་མཉམ་ལས་རིམ་བཞིན་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་ལེགས་སྐྱེས་ཕུལ་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཟམ་མི་ཆད་པར་ཇེ་སྐྱིད་དུ་འགྲོ་བར་ང་ཚོར་ཡིད་ཆེས་ཡོད”ཅེས། ཉེ་ཆར་ཀྲུང་གོར་བཅའ་སྡོད་བྱས་པའི་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་གིས་མཚོ་སྔོན་ཞིང་ཆེན་ཕྱི་དོན་གཞུང་ལས་ཁང་ལ་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་འདི་ལྟར་བྲིས་ཡོད། 

པྲོག་གསར་གློ་ཚད་ཀྱི་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པའི་རྒྱབ་ལྗོངས་འོག རིམས་ནད་ལས་སྔ་ཙམ་དུ་རྣམ་པར་རྒྱལ་བ་དང་། དཔལ་འབྱོར་འཕར་འཕེལ་སླར་གསོ་འབྱུང་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་རེད། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་ཞབས་འདེགས་ཧུར་ཐག་ཞུ་བ་དང་། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་སྒྲིག་གཞི་ལག་གདང་སྦྲེལ་ནས་མཉམ་དུ་བསྐྲུན་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱིས་ཁེར་གྷི་སི་ཐན་གྱི་ཨའོ་ཧྲེ་གྲོང་ཁྱེར་དང་ཐུའོ་ཁེ་མ་ཁེ་གྲོང་ཁྱེར་བར་གྱི་མཛའ་མཐུན་གྲོང་ཁྱེར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་ཆེད། ཞིང་ཆེན་ཕྱི་དོན་གཞུང་ལས་ཁང་གིས་ཁེར་གྷི་སི་ཐན་ལ་རིམས་འགོག་དངོས་ཟོག་ཞལ་འདེབས་རྒྱག་པའི་ལས་དོན་ལེགས་འགྲུབ་བྱ་རྒྱུར་ཇུས་འགོད་མཐུན་སྦྱོར་དང་སྐུལ་འདེད་ཧུར་ཐག་བཏང་བ་རེད། ཁེར་གྷི་སི་ཐན་གསར་འགྱུར་ཁང་དང་ཁཱ་པའར་འཕྲིན་གཏོང་ཁང་སོགས་ཁེར་གྷི་སི་ཐན་གྱི་སྨྱན་སྦྱོར་གཙོ་བོས་ང་ཚོས་ཞལ་འདེབས་བརྒྱབ་པའི་སྐོར་གྱི་གནས་ཚུལ་སྤེལ་གཏོང་བྱས་པ་རེད།

དུས་མགོར། ཞིང་ཆེན་ཕྱི་དོན་གཞུང་ལས་ཁང་གིས་རང་འགུལ་ངང་ཕྱི་འབྲེལ་པུའུ་དང་། ཁེར་གྷི་སི་ཐན་དུ་བཅའ་སྡོད་བྱས་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་། ཀྲུང་གོར་བཅའ་སྡོད་བྱས་པའི་ཁེར་གྷི་སི་ཐན་གྱི་གཞུང་ཚབ་ཁང་བཅས་དང་འབྲེལ་མཐུད་བྱས་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་ཕྱི་དོན་དང་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་དང་ལུས་ཁུངས་ལ་མཐུན་སྦྱོར་ཧུར་ཐག་བྱས་ནས། N95ཁ་ཐུམ་དང་། སྨན་སྤྱོད་འགོག་སྲུང་གྱོན་ཆས། སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་སོགས་ཚུད་པའི་སྤྱིའི་རིན་ཐང་སྒོར་ཁྲི36.9ཟིན་པའི་རིམས་འགོག་སྨན་བཅོས་དངོས་ཟོག་གྲབས་གསོག་བྱས་པ་དང་། ཀྲུང་ཡོའི་འཁོར་འགྲུལ་བརྒྱུད་ཁེར་གྷི་སི་ཐན་ལ་བསྐྱལ་ནས་ཁེར་གྷི་སི་ཐན་གྱི་རིམས་འགོག་ལ་རོགས་འདེགས་བྱས། 

ཞལ་འདེབས་དངོས་རྫས་ཁེར་གྷི་སི་ཐན་གྱི་ཨ་ལ་མེ་ཅིན་གྲུ་ཁར་བདེ་བླག་ངང་འབྱོར་རྗེས། ཁེར་གྷི་སི་ཐན་དུ་བཅའ་སྡོད་བྱས་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ཨའོ་ཧྲེ་གྲོང་ཁྱེར་དང་ཐུའོ་ཁེ་མ་ཁེ་གྲོང་ཁྱེར་ལ་གཞོགས་འདེགས་བྱས་ཏེ། སྐྱེལ་འདོན་འགྲོ་ལུགས་བསྒྲུབས་ནས་དངོས་རྫས་དུས་ཐོག་ཏུ་བླངས་པ་རེད། ཁེར་གྷི་སི་ཐན་གྱི་ཨའོ་ཧྲེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་། ཐུའོ་ཁེ་མ་ཁེ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བས་ཞལ་འདེབས་དངོས་རྫས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་ནས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། ཕྱི་དོན་སྡེ་ཁག་བཅས་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ས་གནས་དེས་པྲོག་གསར་གློ་ཚད་རིམས་ནད་ཀྱི་རྒོད་རྡུང་ཐེངས་གསུམ་པར་འཕྲད་བཞིན་ཡོད་པས། རིམས་འགོག་དངོས་རྫས་ཧ་ཅང་དཀོན། ཀྲུང་གོས་ཞལ་འདེབས་བརྒྱབ་བའི་རིམས་འགོག་དངོས་ཟོག་ནི་འཁྱག་དུས་ཀྱི་གོས་དང་ལྟོགས་དུས་ཀྱི་ཟས་ལྟ་བུ་ཡིན། གཞུང་བཙུགས་སྨན་བཅོས་སྒྲིག་གཞི་དང་སྲིད་གཞུང་གི་ལས་ཁུངས་སོགས་རིམས་འགོག་གི་འཐབ་ས་དང་པོར་མགྱོགས་མྱུར་ངངསྤྲོད་རྒྱུ་ཡིན་ཞེས་བསྟན་ཞིང་། རིམས་ནད་སྔ་ཙམ་ནས་མཇུག་འགྲིལ་ཏེ། ཕྱོགས་གཉིས་པོའི་དངོས་སྒྲུབ་འབྲེལ་འདྲིས་མཉམ་ལས་གང་མགྱོགས་ངང་སླར་གསོ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།