ཞིན་ཁྲང་ཞིང་གིས་སྟོན་དུས་སློབ་མགོ་རྩོམ་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་མཛད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྟོན་དུས་སློབ་མགོ་རྩོམ་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་མཐར་ཕྱིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བཅས་བྱས་ཏེ། ཏང་ལ་མི་གསོ་སྐྱོང་བྱེད་པ་དང་རྒྱལ་ཁབ་ལ་འཇོན་མི་སྐྱོང་བའི་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། སྤྱོད་གཙང་རྒྱུད་བཟང་གི་རྩ་བའི་ལས་འགན་དངོས་འབེབས་ལེགས་པོར་བྱེད་པ། འདས་ཟིན་པ་རྒྱུད་འཛིན་དང་། མིག་སྔར་ལ་རྐང་འཛུགས་པ། མ་འོངས་པར་ཁ་ཕྱོགས་པ་བྱས་ནས། མཚོ་སྔོན་གྱི་སློབ་གསོ་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བྱེད་དགོས་ཞེས་བསྟན། 

ཞིན་ཁྲང་ཞིང་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་ཧུའུ་ཐའེ་སློབ་ཆུང་དང་། མཚོ་སྔོན་ཞིང་ཆེན་སན་མའོ་བྱིས་སྐྱོང་ཁང་། ཟི་ལིང་གྲོང་ཁྱེར་སློབ་འབྲིང་བདུན་པའི་ཝུན་པའོ་སློབ་ཁུལ་བཅས་སུ་ཕེབས་ཏེ། སློབ་གྲྭའི་བདེ་ཐང་ལྟ་ཞིབ་ཁང་དང་། ཉིན་གུང་གཉིད་ཁང་། ཟ་ཁང་། སློབ་ཁང་། རིག་རྩལ་ལྟེ་གནས། ཚོད་ལྟ་ཐོག་ཁང་སོགས་སུ་གཟིགས་ཞིབ་གནང་ཞིང་། ལུས་དྲོད་འཇལ་བ་དང་། དུག་སེལ་བྱེད་པ། རིམས་འགོག་དངོས་པོ་གྲབས་གསོག “གཉིས་འཕྲི”སྲིད་ཇུས་དངོས་འབེབས་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་མོ་མཛད། ཞིན་ཁྲང་ཞིང་གིས་སློབ་གྲྭ་སོགས་དམིགས་བསལ་གནས་ཀྱི་རིམས་ནད་འགོག་སྡོམ་ནི་རྒྱུན་ལྡན་དོ་དམ་ཚོད་འཛིན་གྱི་རྨང་གཞིའི་སྟེང་རིམ་པ་གཅིག་གི་གཟབ་ནས་སྒྲུབ་དགོས་པ་དང་། གནད་ཁེལ་ཤུགས་འདོན་དམིགས་སུ་འཛིན་པ། ཞིང་ཆེན་ཕྱི་ནས་ལོག་པའི་དགེ་སློབ་རྣམས་ཀྱི་བདེ་ཐང་ཨང་བཤེར་དང་། འགྲུལ་སྐྱོད་ཨང་བཤེར། ཉིང་སྐྱུང་བརྟག་དཔྱད་སོགས་ལ་བརྟག་པའི་བྱ་བ་ནན་ཏན་གྱིས་ལེགས་པོར་སྒྲུབ་པ། སྔར་ལས་ལྷག་པའི་སྒོ་ནས་སྔོན་དཔག་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་སྦྱོང་བརྡར་ལ་ཤུགས་བསྣན་ཏེ། གནས་ཚུལ་ཛ་དྲག་ཆེ་བ་དང་འཕྲད་སྐབས་དུས་ཚོད་དང་པོར་གོ་རིམ་ཡོད་ཅིང་ཚད་དང་ལྡན་ལ་ཕན་ནུས་ཆེ་བའི་ཐག་གཅོད་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་གསུངས། 

དེའི་རྗེས་སུ། ཞིང་ཆེན་སློབ་གསོ་ཐིང་དུ་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་དུ། ཞིན་ཁྲང་ཞིང་གིས་ཞིང་ཆེན་སློབ་གསོ་ཐིང་གི་འགན་ཁུར་བློ་མཐུན་གྱིས་གནས་ཚུལ་སྙན་སྒྲོན་ཞུས་པར་གསན་རྗེས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སློབ་གསོ་སྔོན་ལ་འཕེལ་རྒྱས་འགྲོ་བར་རྒྱུན་འཁྱོངས་བྱས་པ་དང་། མ་འཇོག་མི་ལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། སྤྱོད་གཙང་རྒྱུད་ལེགས་ནི་མཚོ་སྔོན་གྱི་ཁྱད་ཆོས་སུ་གྲུབ་པ། སློབ་གསོ་ཁྱབ་གདལ་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་བ། འཇོན་མི་གསོ་སྐྱོང་ནུས་པ་མངོན་སུམ་གྱིས་གོང་འཕེལ་བྱུང་བ། དགེ་རྒན་དཔུང་ཁག་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་པ། སློབ་གསོའི་གཙོ་གནད་བཅོས་སྒྱུར་བརྟན་ལྷིང་གིས་སྤེལ་བ། སློབ་གསོ་བྱ་བའི་ཐད་བླངས་པའི་གྲུབ་འབྲས་མིག་མཐོང་ལག་ཟིན་དང་ཐོབ་པར་དཀའ་བ་ཡིན་པས། ཞིང་ཆེན་ཡོངས་ཀྱི་སློབ་གསོ་ལས་སྒྲུབ་པ་ཡོངས་ལ་སྙིང་ཉེ་བའི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས་པ་ཡིན། 

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སློབ་གསོ་ནི་བྱས་འབྲས་ཉེ་རབས་སུ་སྨིན་ཞིང་ཡུན་རིང་ལ་ཕན་འབྲས་ལྡན་པའི་བྱ་གཞག་ཅིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བླ་སྲོག་སྐྱོང་ཞིང་མི་གསོ་བའི་གཙོ་སྐུད་འདི་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སློབ་གསོ་ལྟ་བ་ཆགས་པར་བྱེད་པ། སྤྱོད་གཙང་རྒྱུད་བཟང་སློབ་གྲྭའི་ལས་དོན་གྱི་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། ཀུན་སྤྱོད་དང་། ཤེས་རབ། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་འཕེལ་རྒྱས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་འབད་པས་གསོ་སྐྱོང་བྱེད་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་ཆགས་པའི་བླང་བྱ་དེ་བསམ་བློ་ཀུན་སྤྱོད་སློབ་གསོ་དང་། རིག་གནས་ཤེས་བྱའི་སློབ་གསོ། སྤྱི་ཚོགས་ལག་ལེན་སློབ་གསོ་བཅས་ཀྱི་གོ་རིམ་དུ་འདྲེས་པར་བྱས་ཏེ། དཀའ་སྡུག་མཉམ་མྱོང་དང་། གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་། ཤི་གསོན་མཉམ་མྱོང་། ལས་དབང་མཉམ་མྱོང་གི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་ཆགས་པར་སྣེ་ཁྲིད་དགོས། “གཉིས་འཕྲི”བྱ་བ་དམངས་འཚོ་བཟོ་སྐྲུན་གནད་ཆེན་དུ་བཟུང་སྟེ། འོས་འགན་སློབ་གསོ་དུས་སྐབས་ཀྱི་སློབ་མའི་ལས་བྱའི་ཁུར་པོ་དང་སློབ་ཕྱིའི་གསོ་སྦྱོང་ཁུར་པོ་ཇེ་ཡང་དུ་གཏོང་བའི་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས། སློབ་གསོ་ཁྱབ་ཁོངས་ཀྱི་གཙོ་གནད་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་མཐུན་སྦྱོར་མཉམ་ལས་སོགས་ཀྱི་སྟེགས་བུ་བེད་སྤྱོད་ཕུན་སུམ་ཚོགས་པ་བྱས་ཏེ། སེམས་བརྩེ་སྟོབས་གསུམ་བཀོལ་ནས་སློབ་གསོའི་སྤུས་ཚད་དང་། མཁོ་སྤྲོད། དགེ་རྒན་དཔུང་ཁག་འཛུགས་སྐྲུན་སོགས་ཀྱི་ཐད་ཀྱི་ཆད་པ་སྐུང་བ་དང་ཞན་ཆ་གསབ་དགོས་ཞེས་བསྟན། 

ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་མཉམ་དུ་རྟོག་ཞིབ་ལ་ཕེབས་ཤིང་། བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།