ཁྱུང་རྒྱ་རི་ཁྲོད་དུ་སྟོན་དུས་ཀྱི་མཛེས་སྡུག་སྔར་ལས་ཡག

སྟོན་མགོ་འདིར། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཁྱུང་རྒྱ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་ཐོན་པ་ན། སྤྲིན་དཀར་དང་ན་བུན་ལང་ལོང་ཁྲོད། གྱ་གྱུའི་ཆུ་ཕྲན་བཞུར་སྒྲའི་ཁྲོད། ནོར་ལུག་གིས་བག་ཕེབས་ངང་གཟན་རྩྭ་ཟ་བཞིན་ཡོད་པ་དེས། རི་ཆུ་ཀླུང་གསུམ་གྱི་མཛེས་སྡུག་གི་རི་མོ་ཞིག་ངང་གིས་གྲུབ་ཡོད། རི་གསེབ་ཀྱི་ལམ་ཕྲན་གཡས་གཡོན་དུ། སྟོན་མགོའི་རྣམ་པ་ནི་མིག་ལམ་དུ་བཤམས་ཡོང་ལ། གྲམ་ཆུའི་ངོགས་གཉིས་སུ་རི་སྐྱེས་ཀྱི་མེ་ཏོག་སྣ་ཚོགས་ཀྱིས་མགོ་ལྕོག་ལྡེམ་བཞིན་ཀུན་ལ་དགའ་བསུ་བྱེད་པ་དང་ཀུན་ནས་མཚུངས་ཤིང་། དེས་རང་དབང་མེད་པར་ཡིད་ཀྱི་དྭངས་བ་ཅིག་ཅར་ཏུ་འཕྲོགས་འགྲོ།

སྐྱེ་ཁམས་ཁོར་ཡུག་ཤིན་ཏུ་བཟང་བས་སྲོག་ཆགས་ལ་ངལ་གསོའི་བསྟི་གནས་བསྩལ་ཡོད་དེ། མིག་སྔར། ནྭགས་ར་འདིར་ཤྭ་ཁྲ་དང་ཤྭ་སེར། ཤྭ་སྐྱ་སོགས་ཤྭ200ལྷག་ཡོད་ཞེས་ཁྱུང་རྒྱ་རྒྱལ་གཉེར་ནགས་རའི་མགོ་དཔོན་གཞོན་པ་ཀྲང་ཁྲིན་ཝུའུ་ཡིས་མཚམས་སྦྱོར་བྱས། གཞན་ཡང་དགོ་བ་དང་གླ་བ། སྤྱང་ཀི འཕར་བ། ཝ། བྱ་ཝང་། གོང་མོ་སོགས་སྲོག་ཆགས་རིགས་མང་པོ་ཞིག་ཀྱང་གནས་འདིར་འཚོ་སྡོད་བྱས་ཡོད།

ཁྱུང་རྒྱ་ནི་བྱ་རྒྱལ་ཁྱུང་ཆེན་བབས་པའི་ས་ཡིན་ལ། རྨ་ཆུའི་ཡན་ལག་ཆུ་བོ་སྟེ་ཁྱུང་རྒྱ་ཆུ་བོའི་འབྱུང་ཡུལ་ཡིན། ཁྱུང་རྒྱ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་མཐོ་སྒང་གི་ས་གཤིས་མཛེས་ལྗོངས་ཕུན་སུམ་ཚོགས་པོ་ཡོད་དེ། གངས་རི་དང་གྲོག་རོང་། གཡའ་བྲག རྩྭ་ས་སོགས་དུས་ཚིགས་བཞི་བོར་མཛེས་ལྗོངས་མི་འདྲ་བ་སྣ་ཚོགས་ཡོད། གནས་འདིའི་གདོད་མའི་ནགས་ཚལ་ཤིན་ཏུ་སྟུག་ཤིང་སྲོག་ཆགས་དང་སྐྱེ་དངོས་ཀྱི་རིགས་མང་ལ། རི་མཐོ་གྲོག་རོང་ཁྲོད་སྟག་པ་དང་གཡེར་བ། གསོན་པ་སོགས་ཤིང་སྡོང་རིགས་དང་། སྟར་བུ་དང་སྟག་མ། གླང་མ་སོགས་ལྗོན་ཤིང་རིགས30ལྷག་སྐྱེས་ཡོད་པ་མ་ཟད། ཡུལ་ལྗོངས་མཛེས་ཤིང་སྡུག་པའི་གྲོག་རོང་ནགས་ཚལ་ཁྲོད་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།