ཟླ11པ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་རླངས་འཁོར་གྱི་མྱུར་ཚད་ཚོད་འཛིན་བྱེད་པའི་ཚད་གཞི་གསར་པ་ལག་བསྟར་བྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་གསལ་ལྟར་ན།2021ལོའི་ཟླ11པའི་ཚེས1ཉིན་ནས་བཟུང་།རང་ཞིང་གིས་མྱུར་བགྲོད་གཞུང་ལམ་དང་རིམ་པ་དང་པོའི་གཞུང་ལམ་སྟེང་གི་རླངས་འཁོར་གྱི་མྱུར་ཚད་གཅིག་གྱུར་སྒོས་ལེགས་སྒྲིག་བྱེད་རྒྱུ་རེད།

ཐེངས་འདིར་རང་ཞིང་གིས་རླངས་འཁོར་གྱི་མྱུར་ཚད་གཅིག་གྱུར་སྒོས་ལེགས་སྒྲིག་བྱེད་པ་ནི། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་བྲེལ་བསྟུན་དོ་དམ་ཐིང་བཅས་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་སྒོས་བརྡ་ཁྱབ་བཏང་རྗེས་ལག་བསྟར་བྱེད་རྒྱུ་དང་། བརྡ་ཁྱབ་ནང་ཟླ11པའི་ཚེས1ཉིན་ནས་བཟུང་།ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་སྟེང་རླངས་འཁོར་གྱི་རིགས་དབྱེ་བ་དང་།རླངས་འཁོར་གྱི་བགྲོད་ལམ་དབྱེ་ནས་མྱུར་ཚད་ལ་ཚོད་འཛིན་བྱེད་རྒྱུ་ཡིན་པ་གསལ་པོར་བཏོན་ཡོད།

བྱེ་བྲག་གི་མྱུར་ཚད་ཚོད་འཛིན་ཚད་གཞི་ནི།འགྲུལ་སྡོད་རླངས་འཁོར་ཆུང་གྲས་ཀྱི་མྱུར་ཚད་ཆེས་མཐོ་ན་དུས་ཚོད་རེར་སྟོང་སྨི120ལས་བརྒལ་མི་ཆོག་པ་དང་། འཕྲུལ་སྒུལ་འཁོར་ལོ་གཞན་དག་གི་མྱུར་ཚད་ཆེས་མཐོ་ན་དུས་ཚོད་རེར་སྟོང་སྨི100ལས་བརྒལ་མི་ཆོག་པ། འཕྲུལ་སྒུལ་འཁོར་ལོའི་མྱུར་ཚད་ཆེས་དལ་ན་དུས་ཚོད་རེར་སྟོང་སྨི60ལས་དམའ་མི་ཆོག་པ་དང་།ཕུག་ལམ་ནང་གི་མྱུར་ཚད་དུས་ཚོད་རེར་སྟོང་སྨི80ལས་བརྒལ་མི་ཆོག ཞིང་ཆེན་ཡོངས་ཀྱི་རིམ་པ་དང་པོའི་གཞུང་ལམ་གྱི་མྱུར་ཚད་དུས་ཚོད་རེར་སྟོང་སྨི100ལས་བརྒལ་མི་ཆོག་པ་དང་བྱེ་བྲག་གི་ལམ་མཚམས་སུ་དོན་དངོས་ཀྱི་མྱུར་ཚད་གཞིར་འཛིན་དགོས།

གཞན་སྡེ་ཁག་གསུམ་གྱིས་ད་དུང་འགྲིམ་འགྲུལ་འདུས་མདོ་དང་། འགྲིམ་འགྲུལ་དོན་རྐྱེན་མང་བའི་ལམ། ལག་རྩལ་གྱི་དམིགས་ཚད་ཚོད་འཛིན་ཐེབས་པའི་ལམ། དམིགས་བསལ་གྱི་གནམ་གཤིས་ཤུགས་རྐྱེན་ཐེབས་པའི་ལམ་སོགས་ཀྱི་མྱུར་ཚད་ཐད་གསལ་བཤད་བྱས་ཡོད། གོང་གསལ་ལམ་མཚམས་ཀྱི་མྱུར་ཚད་ནི་ཡུལ་དངོས་དེར་བཞག་ཡོད་པའི་མྱུར་ཚད་ཚོད་འཛིན་གྱི་མཚོན་རྟགས་ཚད་གཞིར་འཛིན་རྒྱུ་དང་། ཐོལ་བྱུང་དོན་རྐྱེན་གཞན་དག་གི་རྐྱེན་གྱིས་ངེས་པར་དུ་གནས་སྐབས་སུ་མྱུར་ཚད་ཚོད་འཛིན་བྱེད་དགོས་ན། མྱུར་བགྲོད་གཞུང་ལམ་དུ་གཏོགས་པའི་ས་ཁུལ་གྱི་ལམ་སྲིད་དང་བདག་སྐྱོང་གཉེར་སྐྱོང་སྡེ་ཁག་གིས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ། གཞུང་ལམ་ཤར་གཏོང་གི་དོན་དངོས་གཞིར་བཟུང་ནས་ཁྲིམས་ལྟར་གཏན་འཁེལ་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།