མཚོ་སྔོན་གྱིས་སྔོན་ལ་རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས29ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་ནས་ཤེས་གསལ་བྱུང་བ་ལྟར་ན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཟླ8པའི་ཚེས16ཉིན་《མཐོ་བོད་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་མཐོ་ས་མགྱོགས་མྱུར་ངང་གསར་སྐྲུན་བྱེད་པའི་སྐོར་གྱི་བྱེད་ཐབས》དཔར་འགྲེམ་བྱས་ཤིང་། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་བསྟར་དང་། སྔོན་ལ་རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་དང་མཛེས་སྡུག་གི་འཛམ་གླིང་གི་མཚོ་སྔོན་མ་དཔེ་གསར་སྐྲུན་བྱས།

མཚོ་སྔོན་ནི་མཚོ་བོད་མཐོ་སྒང་གི་དཀྱིལ་སྙིང་ས་ཁོངས་གལ་ཆེན་ཡིན་པའི་ཆ་ནས། སྐྱེ་ཁམས་གོ་གནས་དམིགས་བསལ་ཡིན་ལ་གལ་ཆེ་བ་དང་། སྐྱེ་ཁམས་འགན་འཁྲི་ལྕི་ཞིང་དཀའ་ཚེགས་ཆེ་བས། ཁྱོན་ཡོངས་ནས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་རྨང་གཞིའི་ཁུར་བོ་དང་། མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་ཀྱི་ལས་འགན་ཕྲག་ཏུ་བླངས་ཡོད། མཚོ་སྔོན་དེ་རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློའི་མཛུབ་སྟོན་འོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་བོད་མཐོ་སྒང་དེ་རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི”བླང་བྱ་གལ་ཆེན་དང་མཚོ་སྔོན་དུ་བྱ་བར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། བློ་སྤོབས་ཆེན་པོས་སྔོན་ལ་ཚོད་ལྟ་དང་། གསར་གཏོད་ཐོད་བརྒལ་གྱི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན་ལ། དུས་རབས་གསར་བའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་གཏོད་བྱེད་པར་དོན་སྙིང་ཆེན་པོ་ལྡན། རྒྱལ་ཡོངས་དང་འཛམ་གླིང་གི་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པའི་དམིགས་འབེན་ནི། 2025ལོར་སླེབས་དུས། མཚོ་སྔོན་གྱི་ཁྱད་ལྡན་སྐྱེ་ཁམས་དཔལ་ཡོན་མ་ལག་སྔར་ལས་འཐུས་ཚང་དང་། སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་ཐད་མ་ལག་རང་བཞིན་དང་ཐོལ་བརྒལ་རང་བཞིན། རྟགས་མཚན་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་། 2035ལོར་སླེབས་དུས། མཚོ་སྔོན་གྱི་ཁྱད་ལྡན་སྐྱེ་ཁམས་དཔལ་ཡོན་མ་ལག་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་དང་། སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་ལེགས་འགྲུབ་བྱེད་པ་དང་། དུས་རབས་འདིའི་དཀྱིལ་དུ་སླེབས་སྐབས། མཚོ་སྔོན་གྱི་ཁྱད་ལྡན་སྐྱེ་ཁམས་དཔལ་ཡོན་མ་ལག་མཉམ་འདྲེས་ཟབ་སྤེལ་དང་། ཁྱོན་ཡོངས་ནས་སྔར་ལས་འཐུས་ཚང་དང་ཆུ་ཚད་སྔར་ལས་མཐོ་བ།ཤན་ཤུགས་ལྡན་ལ་རྣམ་པ་མཛེས་པའི་སྐྱེ་ཁམས་དཔལ་ཡོན་མཐོ་ས་ཤིག་འཛུགས་སྐྲུན་ལེགས་འགྲུབ་བྱེད་རྒྱུ་རེད།

《བྱེད་ཐབས》ལྟར་ན། མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་གྱི་མཐོ་ས་དང་། སྐྱེ་ཁམས་བདེ་འཇགས་ལྕགས་རིའི་མཐོ་ས། ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་མཐོ་ས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཐོ་ས། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་གསར་གཏོད་ཀྱི་མཐོ་ས། རི་ཆུ་ནགས་ས་དང་རྩྭ་ཐང་བྱེ་མ་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་གི་མཐོ་ས། སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་མཐོ་ས་བཅས་གསར་སྐྲུན་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་དང་། སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་ཐབས་གལ་ཆེན་ལ་སྐུལ་འདེད་གཏོང་བའི་ཆ་ནས། གནས་ཚད་ཡོངས་ནས་སྐུལ་འདེད་ལ་ཤུགས་ཡོད་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྔོ་ལྗང་གི་རི་ཆུ་ནི་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་གཟི་བརྗིད་དུ་འགྱུར་བར་བྱས་ཏེ། མི་དམངས་དང་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་པར་བྱེད་རྒྱུ་རེད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།