“ཚྭ་ཁ་ཆེན་མོ”ལྗོངས་ཁུལ་གྱིས་ཨོ་ལན་རྫོང་གི་ཡུལ་སྐོར་རིམ་པ་ཇེ་མཐོར་བཏང་བ།

དབྱར་ཁའི་ཚྭ་ཁ་ཚྭ་མཚོའི་མཚོ་ངོས་ཀྱི་ཆུ་རིས་འོད་ཆིལ་ཆིལ་དུ་བཀྲ་ལ། ཕར་འགྲོ་ཚུར་འོང་གི་ཡུལ་སྐོར་པ་རྣམས་འཚང་ཁ་ཤིག་ཤིག་བྱེད། ཚྭ་ཁ་ཚྭ་མཚོ་གླེང་ཐེངས་རེར་མི་ཚང་མའི་དྲན་ངོས་སུ་ཐོག་མར་འཆར་འོང་བ་ནི་མཛེས་སྡུག་གི“ནམ་མཁའི་མེ་ལོང”ཡིན་ལ། ད་ལྟ་ཡུལ་འདི་མཚོ་སྔོན་ཡུལ་སྐོར་གྱི་གསེར་གྱི་བྱང་བུ་དང་དྲ་གྲགས་ལྗོངས་ཁུལ་གྲགས་ཅན་དུ་གྱུར་ཡོད།

སྔོན་ཆད། མཐོ་སྒང་མྱ་ངམ་ཐང་གི་ཕུགས་སུ་གནས་ཤིང་མི་ཚང་མས་ཤེས་པའི་རང་བྱུང་ཞུན་ཆགས་ཀྱི་མཚེའུ་དེ་ལོ་ཟླ་རིང་མོས་དྭངས་སྙིགས་འབྱེད་ཅིང་སྤོ་བསྒྱུར་འཕེལ་རྒྱས་ཀྱི་འཚོལ་སྙེག་དང་ལག་ལེན་བྱས་པ་བརྒྱུད། ཚྭ་ཁ་ཚྭ་མཚོ་ཡིས་ལོ་རེར་ཡུལ་སྐོར་པས་ཡ་འགའ་བསུས། གྲུབ་འབྲས་འདི་ལོ་ངོ8ལ་འབད་བརྩོན་བྱས་ནས་ཐོན་པ་ཡིན། ད་ལྟ། ལོ་རེའི་ཟླ་བ་བདུན་པ་དང་བརྒྱད་པ་ནི་ཚྭ་ཁ་ཚྭ་མཚོའི་ཡུལ་སྐོར་དུས་གཞུང་ཡིན་ལ། ལོ་རེའི་སྐབས་འདིར་ཚྭ་ཁར་སླེབས་པའི་ཡུལ་སྐོར་པ་རྣམས་འཚང་ཁ་ཤིག་ཤིག་བྱེད་ལ། ཚྭ་ཁའི་སྙན་གྲགས་ཐོས་ནས་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་ཇེ་མང་ནས་ཇེ་མང་རེད། ཚོགས་པ་བསྒྲིགས་ནས་ཡོང་མཁན་དང་སྒེར་འཁོར་བསྐོར་ནས་ཡོང་མཁན་གྱི་རླངས་འཁོར་རྣམས་གྲལ་ཕྲེང་རིང་པོ་བསྒྲིགས་ཡོད།

ད་ལྟ་ཚྭ་ཁ་ཚྭ་མཚོ་རུ་ལྗོངས་ཁུལ་ཆེན་པོ་གཉིས་ཡོད་པ་ནི“ནམ་མཁའི་མེ་ལོང”དང“མཁའ་དབྱིངས་དང་པོ”ཡིན། དེ་གཉིས་མཉམ་གཅིག་ཏུ་གནས་ལ་སོ་སོ་ནས་ཚྭ་ཁ་ཚྭ་མཚོའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རང་ཉིད་ལ་མངའ་བའི་ལེགས་ཆ་འདོན་སྤེལ་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐྱེད་སྲིང་བྱེད་བཞིན་ཡོད།

“ནམ་མཁའི་མེ་ལོང”ལྗོངས་ཁུལ་གྱིས་ལོ་ངོ་ལྔ་ལ་འཛུགས་སྐྲུན་དང་འཆར་འགོད་ཚོང་གཉེར་བྱས་པ་བརྒྱུད་ནས། འདུག་ཁང་དང་ཟ་ཁང་།ཡུལ་སྐོར། ཉོ་སྒྲུབ། རྩེད་འཇོ། ཚན་རིག་རྟོག་ཞིབ་སོགས་གཞི་གཅིག་ཡིན་པའི་ཡུལ་སྐོར་བྱ་ཡུལ་དུ་ཆགས་ཡོད་ལ། ཡུལ་སྐོར་པ་སྣེ་ལེན་བྱེད་ཚད2015ལོའི་མི་ཐེངས་ཁྲི110ནས་ད་ལྟའི་མི་ཐེངས་ཁྲི320ལ་འཕར་ནས། ཡུལ་སྐོར་གྱི་ཡོང་སྒོ་སྒོར་ཁྲི29000ལས་བརྒལ།

“མཁའ་དབྱིངས་དང་པོ”ལྗོངས་ཁུལ2019ལོའི་ཟླ7པའི་ཚེས11ཉིན་དངོས་སུ་སྒོ་ཕྱེས་པའི་ཚུན་དུ། ལས་གཞི་བསྐྲུན་པ་དང་ཚྭ་ཁུའི་རིག་གནས་སྔོག་འདོན་བྱེད་པ། སོག་རིགས་ཀྱི་ཁྱད་ལྡན་རིག་གནས་འདྲེས་སུ་འཇུག་པ་བཅས་དང་སྦྲེལ་བའི་ཡུལ་སྐོར་དང་རིག་གནས་ཀྱི་ཕྱོགས་བསྡུས་ཉམས་ལེན་བྱ་ཡུལ་ལ་སྟོབས་ཤུགས་ཡོད་རྒུ་བཏོན། མིག་སྔར། ལྗོངས་ཁུལ་གྱི་རྣམ་གྲངས་ལ་མཐོ་སྒང་གི་ཚྭ་ཆུའི་ཆུ་གཡེང་ཁང་ཐོག་མ་དང་རང་ཞིང་གི་རྒྱབ་ལྗོངས་དངོས་མའི་འཁྲབ་སྟོན་ཟློས་གར་ཁང་། ཅིང་ཕོ་རིག་གནས་ཁང་བཅས་ཡོད་ལ། “མཚོ་སྔོན་རིག་གནས་ཡུལ་སྐོར་ཐོན་ལས་དཔེ་སྟོན་རྟེན་གཞི”ཡི་མིང་ཡང་ཐོབ་ཡོད།

ལོ་ངོ་འདི་དག་གི་རིང་ལ། ཨོ་ལན་རྫོང་གིས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དང་དམ་པོར་སྦྲེལ་ནས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་ཐོབ་པའི་སྲིད་ཇུས་གོ་སྐབས་དང་ཡུལ་སྐོར་གོ་སྐབས་དམ་འཛིན་བྱས་པ་དང་། ཚྭ་ཁ་ཚྭ་མཚོའི་ཐོན་ཁུངས་ལེགས་ཆ་དང་གནས་ཡུལ་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ། དར་གོས་ཚོང་ལམ་གྱི་ཡུལ་སྐོར་ནང་དུ་ཧུར་བརྩོན་གྱིས་འདྲེས་སུ་བཅུག་པ་དང་། ཚྭ་ཁའི་ཡུལ་སྐོར་པའི་ཞབས་ཞུ་ལྟེ་གནས་སྣེ་འདྲེན་བྱས་ནས། “ནམ་མཁའི་མེ་ལོང”དང“མཁའ་དབྱིངས་དང་པོ”ལྗོངས་ཁུལ་གཉིས་ཕན་ཚུན་ལ་ཁ་གསབ་བྱེད་པའི་ཚྭ་ཁ་ཚྭ་མཚོའི་ཡུལ་སྐོར་གཅིག་བསྡུས་ཁུལ་ཧུར་བརྩོན་གྱིས་བསྐྲུན་པས། ཡུལ་སྐོར་མི་གྲངས་དང་ཡུལ་སྐོར་ཡོང་སྒོ་ལོ་རེ་བཞིན་འཕར་བ་དང་། ཡུལ་སྐོར་ལས་རིགས་ཀྱི་ལྷད་མེད་འཕེལ་ཚུལ་བསྟུད་མར་ཇེ་དྲག་ཏུ་གྱུར།

ཚྭ་ཁ་ཚྭ་མཚོའི་ཡུལ་སྐོར་དར་རྒྱས་གོང་འཕེལ་དུ་འགྲོ་བའི་འཕེལ་ཚུལ་ཁྲོད་དུ། “མི་འདང་བ”ཡང་རིམ་བཞིན་མངོན་གསལ་དུ་གྱུར། ཨོ་ལན་རྫོང་གིས་ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་གྱི་ཡུལ་སྐོར་དུས་ཡུན་ཐུང་བ་དང་ཞབས་ཞུའི་ཆུ་ཚད་དང་ནུས་པ་ཞན་པ། ལྗོངས་ཁུལ་གྱི་རྣམ་གྲངས་མང་པོ་ངོ་བོ་གཅིག་མཚུངས་ཡིན་པ་སོགས་ཀྱི་རྒྱུ་རྐྱེན་ལ་ལྐོག་ཏུ་ཞིབ་བཤེར་བྱས་ཏེ། ནུབ་རྒྱུད་གཏེར་ལས་རིག་གནས་ཡུལ་སྐོར་ཀུང་སི་དང་མཚོ་སྔོན་ཚྭ་ཁ་མཁའ་དབྱིངས་དང་པོ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི་གཉིས་དང་ལག་རྡང་གཅིག་ཏུ་སྦྲེལ་ནས“ཚྭ་ཁ་ཆེན་མོ”ཡི་ལྗོངས་ཁུལ་བསྐྲུན་པ་དང་། ཨོ་ལན་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི“རིམ་པ་འཕར་བ”ལ་སྐུལ་འདེད་བྱེད་པའི་འཆར་འགོད་ཚྭ་ཁའི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱི་ལས་གཞི་གཉེར་པ་དང་བསྟུན་ནས་གོམ་པ་བརྟན་པོ་སྤོས།

“ཉེ་བའི་ལོ་འགའི་རིང་ལ། ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་གྱི་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བས་ཡུལ་སྐོར་པ་བསྟུད་མར་ཇེ་མང་དུ་འགྲོ་བའི་རྣམ་པ་མངོན”ཞེས་ཨོ་ལན་རྫོང་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཚོང་གཉེར་པ་ལིའུ་ཞིན་ཧྲེང་གིས་དེ་ལྟར་བཤད། ཡུལ་སྐོར་པའི་མི་གྲངས་ཆེས་ཆེར་འཕར་བས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དེ་འདྲ་འཐུས་ཚང་མིན་ལ། རླངས་འཁོར་འཇོག་ས་རུ་རླངས་འཁོར་མང་པོ་མི་ཤོང་པ། འདུག་ཁང་དང་ཟ་ཁང་།ཡུལ་སྐོར། ཉོ་སྒྲུབ། རྩེད་འཇོ་སོགས་ཀྱི་ལས་རྣམ་གྱི་སྟོབས་ཤུགས་ཞན་པས། ཡུལ་སྐོར་པའི་ཉམས་ལེན་གྱི་ཚོར་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་དང་། ལྗོངས་ཁུལ་ལྷད་མེད་དང་བསྟུད་མར་འཕེལ་བར་ཡང་འགྲན་སློང་ཧ་ཅང་ཆེན་པོར་འཕྲད་ཡོད།

ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཀུའོ་ཧྲེང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཚྭ་ཁའི་ཡུལ་སྐོར་པའི་ཞབས་ཞུ་ལྟེ་གནས་ལེགས་འགྲུབ་བྱུང་སྟེ་བེད་སྤྱོད་བྱས་ན་ཡུལ་སྐོར་གྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཚྭ་མཚོའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ། རྒྱུན་མཐུད་ནས་འཕེལ་ཐུབ་པ་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། དེར་མཐུད་ནས། ཚྭ་ཁའི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱི་སྡུད་འགྲེམ་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཚྭ་ཁ་གྲོང་རྡལ་གྱི་ཐེག་བྱད་ནུས་པ་དང་ཡུལ་སྐོར་པ་སྣེ་ལེན་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། གཙོ་བོ“ཚྭ་ཁ་ཆེན་མོ”ཡི་རྒྱལ་སྤྱིའི་ཡུལ་སྐོར་ཕྱོགས་བསྡུས་ཕུང་པོ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།