ཨ་ཆེན་གངས་རྒྱབ་ཏུ་གཙོད་ཇེ་མང་དུ་སོང་ནས་ཁྲི7ལྷག་ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་མུ་མཐུད་དུ་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས་ཕན་ནུས་ལྡན་པའི་སྒོ་ནས་རི་དྭགས་གཙོད་ལྐོག་རྔོན་བྱེད་པའི་དོན་རྐྱེན་བཀག་འགོག་བྱས་ཤིང་། སྲུང་སྐྱོང་ཁུལ་ནང་གི་གཙོད་ཁྱུའི་གྲངས་ཀ་ནི་སྔོན་ཆད་ཀྱི་ཁྲི2ཙམ་ནས་ད་ལྟ་ཁྲི7ལྷག་ལ་འཕར་ཡོད། ཉེ་སྔོན་གཞི་ཁྱོན་ཆེ་བའི་གཙོད་ཁྱུ་གནས་སྤོ་བྱེད་པའི་སྣང་བརྙན་དེ་མཚོ་བོད་མཐོ་སྒང་དུ་མངོན་ཡོད།

1.jpg

པར་འདི་ནི2020ལོའི་ཟླ7པའི་ཚེས7ཉིན་ཨ་ཆེན་གངས་རྒྱབ་ཀྱི་བྲག་ནག་མཚེའུ་ས་ཁོངས་སུ་པར་བླངས་པའི་གཙོད་རེད།

2.jpg

པར་འདི་ནི2020ལོའི་ཟླ7པའི་ཚེས7ཉིན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུའི་མགོ་ཁུངས་ཁུལ་གྱི་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་བྲག་ནག་མཚེའུ་སྲུང་སྐྱོང་ས་ཚིགས་ཀྱི་ལས་བྱེད་མི་སྣས་པར་བླངས་པའི་གཙོད་ཕྲུག་རེད།

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཁོངས་སུ་ཡོད་པའི་ཨ་ཆེན་གངས་རྒྱབ་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི4.5ཡོད་པ་དང་ཆ་སྙོམས་ཀྱི་ས་བབ་སྨི4600ཡན་ཡིན་ལ། མཚོ་བོད་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་བང་མཛོད་ཞེས་པའི་མཚན་སྙན་ཡོད། དུས་རབས་གོང་མའི་ལོ་རབས80བའི་ནང་དུ། ཨ་ཆེན་གངས་རྒྱབ་དུ་གཙོད་ལྐོག་རྔན་བྱས་ཤིང་གཙོད་ཀྱི་ཁ་གྲངས་ཀྱང་ཁྲི20ལྷག་ནས་ཁྲི2ཙམ་ལ་ཆག་པ་རེད།

1994ལོར། གཙོད་ལ་སྲུང་སྐྱོབ་བྱ་ཆེད། ཁོར་ཡུག་སྲུང་སྐྱོང་མཁན་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་ཨ་ཆེན་གངས་རྒྱབ་ཀྱི་མི་མེད་ཁུལ་དུ་ལྡོག་རྔོན་བྱེད་མཁན་དང་མེ་མདས་དམར་འཛིང་བྱས་ཤིང་། མཇུག་མཐར་རྩ་ཆེའི་ཚེ་སྲོག་ཀྱང་ཕུལ་བ་རེད། ཉེ་བའི་ལོ་འགའི་རིང་། ཨ་ཆེན་གངས་རྒྱབ་ལས་བྱེད་མི་སྣས་ཕན་ནུས་ལྡན་པའི་སྲུང་སྐྱོང་བྱེད་ཐབས་མང་པོ་འཚོལ་ཞིབ་བྱས་ནས་གཙོད་ཕྲུག་བཙའ་བ་དང་གནས་སྤོ་ལ་རམ་འདེགས་བྱས་ཡོད།

3.jpg

པར་འདི་ནི2020ལོའི་ཟླ7པའི་ཚེས7ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུའི་མགོ་ཁུངས་ཁུལ་གྱི་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་བྲག་ནག་མཚེའུ་སྲུང་སྐྱོང་ས་ཚིགས་ཀྱི་ལས་བྱེད་མི་སྣ་ཚེ་དབང་རྡོ་རྗེ་ཀྱིས་གཙོད་ཕྲུག་ལ་འོ་མ་སྟེར་བཞིན་པའི་ཚུལ་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུའི་མགོ་ཁུངས་ཁུལ་གྱི་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ཟླ་བ་སྒྲོལ་མས་མཚམས་སྦྱོར་བྱེད་རྒྱུར། ཨ་ཆེན་གངས་རྒྱབ་ལས་བྱེད་མི་སྣས་ལོ་མང་པོའི་རིང་གཞི་ཁྱོན་ཆེ་ལ། སྟུག་ཚད་ཆེ་བ་དང་བསྐྱོད་ཐེངས་མང་བའི་ཆེད་དོན་སྐོར་ཞིབ་བྱ་འགུལ་སྤེལ་བ་དེས། ཁྲིམས་འགལ་བས་སྲུང་སྐྱོང་ཁུལ་དུ་ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་སྤེལ་བར་རྡུང་རྡེག་ནན་མོ་བཏང་ཡོད།

2020ལོའི་ཟླ6པའི་ཚེས8ཉིན། ཨ་ཆེན་གངས་རྒྱབ་ཀྱིས་དམངས་དམག་དོ་དམ་སྲུང་སྐྱོང་ཡན་ལག་རུ་ཁག་བཙུགས་པ་དང་། དམངས་དམག+སྐྱེ་ཁམས་ལྟ་སྐྱོང་བའི་ལམ་ལུགས་ཁྱབ་གདལ་དུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་།

ལོ་མང་པོའི་རིང་། ཨ་ཆེན་གངས་རྒྱབ་ཀྱིས་གཙོད་ལྐོག་རྔོན་བྱེད་པའི་བྱ་སྤྱོད་ལ་ནན་ཏན་གྱིས་ལྟ་ཞིབ་ཚོད་འཛིན་དང་མུ་མཐུད་དུ་རྡུང་རྡེག་བཏང་བས། ད་ལྟ་གཙོད་སྲུང་སྐྱོང་གི་ལས་དོན་དེ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གྱུར་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུའི་མགོ་ཁུངས་ཁུལ་གྱི་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ཀྲུའུ་རེན་བུ་ཕྲུག་གིས་བཤད་རྒྱུར། གཙོད་ལ་ནུས་ལྡན་སྒོས་སྲུང་སྐྱོང་ཐུབ་པའི་གནས་བབ་ནི་ཀྲུང་གོའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ཕན་འབྲས་ཀྱི་བསྡུས་གཟུགས་ཤིག་ཡིན་ལ། མཐོ་སྒང་གི་རྩ་ཆེའི་སྐྱེ་དངོས་ཐོན་ཁུངས་ལ་ནུས་ལྡན་སྲུང་སྐྱོང་ཐུབ་པ་ནི་རྒྱལ་ཁབ་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་ལ་དངུལ་གཏོང་དང་འཛུགས་སྐྲུན་བྱས་པ་ལས་ཐོན་པ་ཡིན་ཟེར།

ཉེ་སྔོན། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་གཙོད་ལ་སྲུང་སྐྱོང་བྱེད་པའི་རིམ་པ་དེ་སྟོངས་ཉེན་ཡོད་པའི་སྲོག་ཆགས་ནས་སྟོངས་ལ་ཉེ་བའི་སྲོག་ཆགས་སུ་མར་ཕབ་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།