“བཅའ་ཁྲིམས”དང“ཀུན་སྤྱོད”ཀྱིས་མཉམ་སྐྱོང་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས།

——ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

ཁྲིམས་སྐྱོང་དང་སྤྱོད་སྐྱོང་ནི་གཅིག་ལ་གཅིག་བརྟེན་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཁྲིམས་སྐྱོང་གི་འགན་སྲུང་དང་སྤྱོད་སྐྱོང་གི་སྲུང་སྐྱོབ་དང་ཁ་འབྲལ་ཐབས་མེད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས་ན་ཁྲིམས་སྐྱོང་དང་སྤྱོད་སྐྱོང་གི་འགན་སྲུང་ལ་བརྟེན་དགོས། ང་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས། ཁྲིམས་སྐྱོང་མཚོན་ཆ། ཁྲིམས་སྐྱོང་སྟོབས་ཤུགས་བཅས་བཀོལ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཁྲིམས་སྐྱོང་སྲུང་ཡོལ་བརྟན་འཛུགས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱེད་པ་ནང་དོན་གཙོ་བོ་ཡིན་པའི་སྤྱོད་སྐྱོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྐྱེ་སྟོབས་དང་གསོན་ཤུགས་སྣོན་དགོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ནང་དུ་བྲིས་པ་ནས་བཟུང་། ཏང་གི་སྲིད་སྐྱོང་རྩ་འཛིན་དང་རྒྱལ་ཁབ་ཀྱི་རྩ་བའི་བྱེད་ཕྱོགས་ཀྱི་ཚད་གཞི་ཞིག་ཏུ་གྱུར་ཡོད་ལ། ཏང་ཡོངས་ཀྱི་ཆབ་སྲིད་བརྩོན་སྙེག་དང་ཆབ་སྲིད་ལས་འགན། རྒྱལ་ཁབ་ཀྱི་འདུ་ཤེས། མི་དམངས་ཀྱི་འདོད་བློར་ཡང་གྱུར་ཡོད། ལྷག་པར་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ལག་ལེན་གསར་པར་སྣེ་ཁྲིད་དེ། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་དམ་ཚགས་ཀྱི་ཁྲིམས་སྐྱོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ཏང་གི་སྒྲིག་ཡིག་ནི་བླ་ན་མེད་པ་ཞིག་ཡིན་ལ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱང་རྩིས་མེད་དུ་གཏོང་མི་རུང་། ང་ཚོས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་མཚོན་ཆ་ནུས་ལྡན་འདི་ཉིད་སྤྱད་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྲུང་སྐྱོབ་བྱེད་དགོས།

ཁྲིམས་བཟང་གིས་ལེགས་སྐྱོང་བྱེད་ན་ཁྲིམས་འཛུགས་དམིགས་སུ་འཛིན་དགོས། ང་ཚོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཁྲིམས་འཛུགས་བྱ་བ་ཇེ་མགྱོགས་སུ་གཏོང་བ་དེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གཉིས་ལག་ལེན་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཞིབ་བཤེར་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བྱེད་པའི་བྱེད་སྟངས་གལ་ཆེན་དུ་འཛིན་པ། མཚོ་སྔོན་གྱིས་འཕེལ་རྒྱས་དུས་རིམ་གསར་པར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ནུས་ལྡན་གྱི་སྣེ་འདྲེན་དུ་བཟུང་ནས། ཚན་རིག་དང་དམངས་གཙོ། ཁྲིམས་ལྟར་ཁྲིམས་འཛུགས། གོ་རིམ་ཡོད་པ་དང་ནུས་ཤུགས་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱིས་ཁྲིམས་སྲོལ་བཟོ་བཅོས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཁྲིམས་སྐྱོང་གཞི་རྩ་རྒྱུན་ཆད་མེད་པར་ཟབ་འཛུགས་བྱེད་དགོས། དེ་དང་མཉམ་དུ། ང་ཚོས་ད་དུང་ངེས་པར་དུས་དང་རྣམ་པ་ཀུན་ཏུ་ཡིད་གཟབ་དང་བསླབ་བྱ་ཡིད་ལ་དམ་པོར་འཛིན་པ། ཁྲིམས་འཛིན་ཁྲིམས་བསྟར་ཇེ་དྲག་ཏུ་གཏོང་བ། སློབ་གསོ་ཇེ་དྲག་ཏུ་གཏོང་བ་དང་ནུས་ལྡན་གྱིས་སྣེ་ཁྲིད་བྱེད་པ། གཟབ་ནན་གྱིས་ཁྲིམས་ལག་བསྟར་དང་དྲང་གཞག་གིས་ཁྲིམས་འཛིན་པ་བཅས་ཀྱིས། རྩ་བའི་སྟེང་ནས“ཁྲིམས་འགལ་གྱི་མ་གནས་དམའ་བ་དང་ཁྲིམས་སྲུང་གི་མ་གནས་མཐོ་བ”ཡི་དཀའ་གནད་ཐག་གཅོད་བྱས་པ་དང་། གཟབ་ནན་གྱིས་ཁྲིམས་ལག་བསྟར་དང་དྲང་གཞག་གིས་ཁྲིམས་འཛིན་བྱེད་པ་ཡིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཆ་རྐྱེན་ལེགས་པོ་བསྐྲུན་དགོས།

བཅའ་ཁྲིམས་ནི་ཡི་གེར་བཀོད་པའི་ཀུན་སྤྱོད་ཡིན་ལ། ཀུན་སྤྱོད་ནི་ནང་སེམས་ཀྱི་བཅའ་ཁྲིམས་ཡིན། ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་དམིགས་ཡུལ་ནི་སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་དང་ཁྲིམས་སྲོལ་དེ་མང་ཚོགས་ལ་ཕྱོགས་པ་དང་། མང་ཚོགས་ལ་ཤེས་རྟོགས་དང་དང་ལེན་བྱེད་དུ་འཇུག་ཆེད་ཡིན། ཁྲིམས་སྲུང་ནི་ལམ་ལུགས་དང་ཁྲིམས་སྲོལ་དམངས་བྱིངས་ཀྱི་རང་རྟོགས་བྱ་སྤྱོད་དུ་བསྒྱུར་རྒྱུ་དེ་ཡིན། སྤྱི་དམངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་དང་ལེན་བྱ་རྒྱུ་ནི་འོས་འགན་ཡིན་ལ། སྤྱི་དམངས་ཀྱིས་ངེས་པར་ཁྲིམས་སྲུང་རྒྱུ་ནི་འགན་འཁྲི་ཡིན། “སུས་དོ་དམ་གཙོ་བོ་བྱེད་ན་སུས་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བ་དང་། སུས་ཁྲིམས་ལུགས་ལག་བསྟར་བྱེད་ན་སུས་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བ”ཡི་རྩ་དོན་རྒྱུན་འཁྱོངས་བྱས་ནས། “བཅའ་ཁྲིམས་བསྐྱོད་པ་བདུན”གྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། སྐྱེ་ཁམས་ཁྲིམས་ཁང་དང་སྐྱེ་ཁམས་ཁྲིམས་ར་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་ཤུགས་བསྣན་ནས། ཁྲིམས་ལུགས་ཁྱབ་གདལ་ལ་དམ་འཛིན་མཁན་ཡོད་པ་དང་ཁྲིམས་ལུགས་སྲུང་བ་ལ་དོ་དམ་པ་ཡོད་པ། ཁྲིམས་འགལ་ལ་རྩད་གཅོད་མཁན་ཡོད་པ་བཅས་བྱེད་དགོས། ཁྲིམས་བརྩི་ཁྲིམས་སློབ་ཁྲིམས་སྲུང་ཁྲིམས་བཀོལ་གྱི་མཉམ་ཤུགས་སྟོབས་ཆེན་རྒྱ་ཁྱབ་ཏུ་གོང་བུར་བསྒྲིལ་ནས། མཉམ་སྐྲུན་དང་མཉམ་སྐྱོང་མཉམ་རོལ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས།

ཁྲིམས་ཀྱིས་གནམ་འོག་བདེ་བར་འགོད་ལ། སྤྱོད་པས་མི་སེམས་ཞི་བར་བྱེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རྫོགས་པའི་མཐའ་མེད་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་འོས་འགན་ནི་གཟི་བརྗིད་ལྡན་པ་ཞིག་ཡིན། ང་ཚོས་ཁྲིམས་སྐྱོང་དང་སྤྱོད་སྐྱོང་གི་ནུས་པ་དངོས་གནས་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་འགན་སྲུང་བརྟན་པོ་ཞིག་མཁོ་སྤྲོད་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དེ་བརྟན་བརླིང་རྒྱང་བསྐྱོད་ཡོང་བར་དངོས་གནས་སྐུལ་འདེད་བྱེད་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།