མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་བཅུ་བཞི་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་མགོ་འཛིན་གནང་སྟེ་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་བསྡུས་ཏེ། ཀྲུང་དབྱང་ཕྱོགས་ཡོངས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་བའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་དང་། མང་ཚོགས་ཀྱི་ཕྲུ་གུ་སྐྱེས་པའི་འདོད་བློ་རྟོག་ཞིབ། ཕྱོགས་ཡོངས་ནས་བྱིས་པ་གཉིས་བཙས་ཆོག་པའི་སྲིད་ཇུས་ལག་བསྟར་ཕན་འབྲས་དཔྱད་འཇོག་གནས་ཚུལ་ཡར་ཞུ་ལ་ཉན་པ་དང་། སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་སྒྲིག་སྲོལ་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བར་སྐུལ་འདེད་དང་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་བཅོས་བསྒྱུར་བྱ་ཐབས་ལ་གྲོས་ཞིབ་བྱས་ཏེ། རྗེས་མའི་བྱ་བར་བཀོད་སྒྲིག་བྱས། 

ཧྲིན་ཀྲང་ངམ་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་ཐིན་ཅ་ཚའེ། ཡུས་ཚུང་ལེ། མཱ་ཅི་ཞའོ། ཀྲའོ་ཡུའོ་ཞྭ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས།

ཚོགས་འདུས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། བསམ་བློའི་རང་འགུལ་སྲ་བརྟན་དུ་བཏང་ནས། གནད་ཁེལ་དངོས་གཉེར་གྱི་བྱེད་ཐབས། བྱ་བ་དམ་འཛིན་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སོ་སོ་དོན་འཁྱོལ་བཟང་བོ་བྱེད་དགོས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཙོ་བོར་བཟུང་ནས། ཞབས་ཞུ་དང་རྒྱལ་ཡོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་སུ་འཇུག་པའི་སྒོ་ཡང་དག་པར་འཚོལ་དགོས། མཚོ་སྔོན་གྱི་དགེ་མཚན་དང་ཁྱད་ཆོས་ལ་རྐང་བཙུགས་ནས། སོན་བཟང་གི་ཐོན་ཁུངས་རྨང་གཞི་སྲ་བརྟན་དུ་གཏོང་དགོས། སྟོབས་ཤུགས་ཡོད་རྒུས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་བྱ་བ་དམ་འཛིན་བྱས་ཏེ། མགྱོགས་མྱུར་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། བཅོས་བསྒྱུར་སྒོ་འབྱེད་ཀྱི་གནད་འགག་གི་བྱེད་ནུས་འདོན་སྤེལ་བྱས་ཏེ། བཅོས་བསྒྱུར་གྱིས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ཚོགས་འདུས་ནན་གྱིས་བསྟན་དོན། ཕྲུ་གུ་སྐྱེས་པའི་དབང་ཆ་ནི་རྩ་བའི་མིའི་དབང་ཆ་ཡིན་ཞིང་། མི་གྲངས་སྲིད་ཇུས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཐབས་ཇུས་ཡིན་ལ། དེ་ཁྱིམ་ཚང་དང་རྒྱལ་ཁབ་དར་རྒྱས་དང་འབྲེལ་བ་ཡོད། རྒྱལ་ཁབ་ཀྱི་བརྩེ་བས་ཕྲུ་གུ་སྐྱེས་པའི་གནད་དོན་ལ་བལྟ་དགོས་ཤིང་། ཕྲུ་གུ་སྐྱེས་པ་དང་གསོ་སྐྱོང་། སློབ་གསོ་དང་དམ་དུ་འབྲེལ་ནས། ཁོང་ཡངས་མངོན་པར་མཚོན་དགོས། སྣེ་ཁྲིད་ཤུགས་ཆེར་གཏོང་བ་དང་འགན་འཁྲི་མཐོར་འདེགས། འགན་སྲུང་ལ་ཤུགས་སྣོན་བཅས་བྱས་ནས། ཕྲུ་གུ་སྐྱེས་པའི་འདོད་བློ་དེ་ཕྲུ་གུ་སྐྱེས་པའི་བྱེད་སྟངས་སུ་བསྒྱུར་ཏེ། མི་གྲངས་འཕེལ་རྒྱས་འཐབ་ཇུས་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན། 

ཚོགས་འདུས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་སྒྲིག་སྲོལ་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་ནི་དངོས་པོ་གསར་བ་དང་ཁ་ཕྱོགས་ཆེན་པོ་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁྲོད་མཚོ་སྔོན་གྱི་བྱེད་སྟངས་དང་རྗེས་ཆོད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་མཛུབ་སྟོན་དུ་བྱས་ནས། “ཆེས་ཆེ་བ་གསུམ”དང“སྐྱེ་ཁམས་བདེ་འཇགས་གོ་གནས། རྒྱལ་ཁོངས་བདེ་འཇགས་གོ་གནས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་གོ་གནས”ཀྱི་འདུ་ཤེས་ཟབ་སྤེལ་གྱིས། སྤུས་ཚད་མཐོ་བ་དང་འགྲོ་གྲོན་དམའ་བ། ཟོང་རྟགས་འཛུགས་པ། ཚོང་ར་འཚོལ་བ། ཉོ་ཚོང་སྐུལ་འདེད་བྱེད་པའི་སྐྱེ་ཁམས་ཐོན་ལས་ཅན་དང་། ཐོན་ལས་སྐྱེ་ཁམས་ཅན་དུ་སྐུལ་འདེད་བཏང་སྟེ། རང་ཞིང་གི་སྐྱེ་ཁམས་མ་རྩ་དང་སྐྱེ་ཁམས་ཐོན་རྫས་ཀྱི་རྨང་གཞི་ཞིབ་རྩིས། དཀར་ཆག་རྩིས་ཐོ་འཛུགས་སྐྲུན་བྱས་ཏེ། རིན་ཐང་དཔྱད་འཇོག་དང་ཚོང་གཉེར་གསར་སྤེལ། ཁ་གསབ་སྲུང་སྐྱོབ། འགན་སྲུང་མངོན་འགྱུར། སྐུལ་འདེད་ཀྱི་སྒྲིག་སྲོལ་མངོན་འགྱུར་བྱས་ནས། རིན་ཐང་མངོན་འགྱུར་གྱི་དཀའ་གནད་ལ་དབྱེ་ཞིབ་གསལ་བོ་བྱས་ཏེ། དོན་དངོས་ནས་མགོ་བརྩམས་ཏེ་བྱེད་ཐབས་མངོན་འགྱུར་གྱི་བྱེད་སྟངས་དང་རྣམ་པ་འཚོལ་ཞིབ་ཀྱིས། ཧུར་ཐག་གིས་མཚོ་སྔོན་གྱི་སྐྱེ་ཁམས་དགེ་མཚན་དེ་དཔལ་འབྱོར་དང་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བར་འབད་བརྩོན་བྱེད་དགོས་ཞེས་བསྟན། 

ཚོགས་འདུས་ད་དུང《མཚོ་སྔོན་ཞིང་ཆེན་གྱི་རྨང་གཞི་སྒྲིག་ཆས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་བསྟར་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་གྱི་དུས་རབས་གསར་བའི་བརྡ་འཕྲིན་ལག་རྩལ་དང་ལས་སྣོན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་གྱི་གཙོ་གནད་ལས་འགན》《མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་ནགས་དཔོན་ལམ་ལུགས་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དཔྱད་འཇོག་བྱ་བའི་ཚད་གཞི》《སྔར་ལས་ལྷག་པའི་སྒོ་ནས་ཁྲལ་བསྡུ་དོ་དམ་བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་སྐོར་གྱི་ལག་བསྟར་བྱ་ཐབས》《མཚོ་སྔོན་ཞིང་ཆེན་གྱི་སྤུས་ཚད་མཐོ་བའི་ཕྱོགས་བསྡུས་གྲུབ་འབྲས་དཔྱད་འཇོག་བྱ་ཐབས(ཚོད་ལྟ)》《མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་གཙོ་གནད་བཅོས་བསྒྱུར་ལས་འགན་ལ་སྐུལ་འདེད་གཏོང་བ》སོགས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ལས་དོན་གཞན་དག་ལ་གྲོས་ཞིབ་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།