མཚོ་སྔོན་ཞིང་ཆེན་གྱི་སྡེ་ཚན་བཞིས་མཉམ་དུ་བུད་མེད་ལས་བཟོ་བའི་ཁེ་དབང་ལ་སྲུང་སྐྱོབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་དེ་རིང་ནས་ཟླ10པའི་ཟླ་དཀྱིལ་བར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་བུད་མེད་ལས་བཟོ་བའི་ཁེ་དབང་ལ་འགན་ལེན་བྱེད་པའི་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་ནས། བུད་མེད་ལས་བཟོ་བའི་བཙའ་གསོའི་ངལ་གསོ་དང་ནུ་འོ་སྣུན་པའི་དུས་ཚོད་སོགས་ཀྱི་ཁེ་དབང་གནད་དོན་ལ་དམིགས་ཏེ། འགལ་བ་གྲལ་བཤེར་ངང་སེལ་བ་དང་། ཁྲིམས་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པ། ཁྲིམས་འགལ་བྱེད་སྤྱོད་ཡོ་བསྲང་བཅས་བྱས་ནས། བུད་མེད་ལས་བཟོའི་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུ་རེད།

ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་སྤེལ་རིང་། ས་ཁུལ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་འཕྲོད་བསྟེན་བདེ་ཐང་དང་། སྨན་བཅོས་འགན་ལེན། བཟོ་ཚོགས་སོགས་སྡེ་ཁག་དང་མཉམ་དུ་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་ཚོ་ཆུང་བཙུགས་ཏེ། ཁོངས་གཏོགས་ས་ཁུལ་གྱི་མི་སྤྱོད་ལས་ཁུངས་ཀྱིས་བུད་མེད་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་ཚུལ་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱ་རྒྱུ་དང་། ལྷག་པར་དུ་བུད་མེད་ལས་བཟོ་བ་ཅུང་མང་བའི་མི་སྤྱོད་ལས་ཁུངས་དང་། སྤྱི་ཚོགས་ཐོག་དོ་ཁུར་བྱེད་ཚད་ཅུང་མཐོ་བའི་ཚན་རྩལ་མཐོ་བའི་ལས་རིགས་ཀྱི་མི་སྤྱོད་ལས་ཁུངས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་རེད། མི་སྤྱོད་ལས་ཁུངས་ཀྱིས《བུད་མེད་ལས་བཟོ་བའི་ངལ་རྩོལ་ལ་སྲུང་སྐྱོབ་བྱེད་པའི་དམིགས་བསལ་གཏན་འབེབས》ཀྱི་གནས་ཚུལ་ལ་བརྩི་སྲུང་བྱས་ཚུལ་དང་། བུད་མེད་ལས་བཟོ་བའི་ངལ་རྩོལ་གན་རྒྱ་དང་། གླ་ཕོགས་གཏོང་སྤྲོད། སྤྱི་ཚོགས་འགན་བཅོལ་གྱི་གནས་ཚུལ་དང་། མི་སྤྱོད་ལས་ཁུངས་ཀྱི་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་གི་ངལ་རྩོལ་འགན་ལེན་ལམ་ལུགས་ཀྱི་སྒྲིག་སྲོལ་བཙུགས་པའི་སྐོར་གྱི་གནས་ཚུལ། བུད་མེད་ལས་བཟོ་བའི་ཁེ་དབང་སྲུང་སྐྱོང་གི་ཆེད་དོན་མཉམ་སྡེབ་གན་རྒྱ་བཞག་པའི་གནས་ཚུལ། བུད་མེད་ལས་བཟོ་བའི་ཕྲུ་གུ་སྐྱེ་བའི་གནང་ཞུའི་ཐོབ་ཐང་གི་གནས་ཚུལ། བུད་མེད་ལས་བཟོ་བ་ཅུང་མང་བའི་མི་སྤྱོད་ལས་ཁུངས་ཀྱིས་བུད་མེད་འཕྲོད་བསྟེན་ཁང་དང་། ངལ་གསོ་བྱེད་ས། འོ་གསོ་ཁང་སོགས་སྒྲིག་ཆས་འཛུགས་སྐྲུན་བྱས་པའི་གནས་ཚུལ། བུད་མེད་ལས་བཟོ་བའི་རྩ་འཛུགས་འཛུགས་སྐྱོང་དང་། སེམས་ཁམས་བདེ་ཐང་ལ་སྲུང་སྐྱོང་བྱས་པའི་གནས་ཚུལ། མི་སྤྱོད་ལས་ཁུངས་ཀྱིས་སྤེལ་བའི་མཚན་མའི་མཐོང་ཆུང་གི་ནང་དོན་ལྡན་པའི་མི་བསྡུའི་ཆ་འཕྲིན་གྱི་གནས་ཚུལ་དང་། བུད་མེད་ལས་བཟོ་བའི་ཁེ་དབང་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་གཞན་དག་ལག་བསྟར་བྱས་པའི་གནས་ཚུལ་སོགས་ནང་དོན9ལ་བརྟག་དཔྱད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།