མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག་ལ་ཁྲིམས་བསྟར་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས17ཉིན་ནས་ཚེས22ཉིན་བར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཐོང་ཏི་ཡིས་རུ་སྣེ་འཁྲིད་དེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་སུ་བསྐྱོད་ནས། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལག་བསྟར་བྱས་ཚུལ་ལ་ཁྲིམས་བསྟར་ཞིབ་བཤེར་བྱས།

ཞིབ་བཤེར་ཚན་ཆུང་དང་བཅས་པ་རྨ་སྟོད་རྫོང་དང་འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་། ན་གོར་མོ་གྲོང་ཁྱེར་སོགས་སུ་སྔ་གཞུག་ཏུ་བསྐྱོད་དེ་ཡུལ་དངོས་ལྟ་ཞིབ་དང་། ཡུལ་དངོས་འདྲི་ཞིབ། རྩིས་ཁྲར་ལྟ་ཞིབ་སོགས་ཀྱི་བྱེད་ཐབས་བརྒྱུད། ས་གནས་སོ་སོའི་ལག་བསྟར་སྲོལ་ཡིག་གི་གནས་ཚུལ་ལ་ཞིབ་ཕྲའི་ཤེས་རྟོགས་དང་། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་སུ་གཟིགས་ཞིབ་གནང་། སྐྱས་སྤོས་རྩྭ་གསོ་དང་། འདམ་ར་སྲུང་སྐྱོང་། ས་ནག་གྲམ་ཐང་བཅོས་སྒྲིག སྐྱེ་ཁམས་གནས་སྤོར་སོགས་ཀྱི་སྐྱེ་ཁམས་སླར་གསོ་བྱེད་ཐབས་ལག་བསྟར་བྱས་ཚུལ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་གནང་། དུས་མཚུངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྲོལ་ཡིག་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་རྒྱུད)དོ་དམ་སྲོལ་ཡིག་ལ་ཁྲིམས་ལྟར་ཞིབ་བཤེར་གྱི་ལས་དོན་སྤེལ།

ལིའུ་ཐུང་ཏི་ཡིས་ཐེངས་འདིའི་ཁྲིམས་འཛིན་ཞིབ་བཤེར་ལས་དོན་སྤེལ་བ་ནི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བྱེད་པོའི་འགན་འཁྲི་དང་ཁྲིམས་བཀོད་འགན་འཁྲི་ཧུར་ཐག་གིས་ལག་བསྟར་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། “ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོང་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བཅས་ཀྱི་འགན་འཁྲི་གལ་ཆེན་ལེགས་པར་འཁུར་བ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་ལ་ཧུར་ཐག་གིས་བྱས་རྗེས་གསར་པ་འཇོག་པ་བཅས་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།