ཚེ་རིང་ཐར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྔོ་ཚོད་ཐོན་ལས་འཕེལ་རྒྱས་ཀྱི་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་ཞིང་ཆེན་ཡོངས་ཀྱི་སྔོ་ཚོད་ཐོན་ལས་འཕེལ་རྒྱས་ཀྱི་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་འཚོགས་ཤིང་། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་བྱ་བའི་བླང་བྱ་ལྟར། མཐོ་སྒང་གི་གྲང་བསིལ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་པ་ལས་འགན་གལ་ཆེན་དུ་བརྩིས་ཏེ། ཏན་ཏན་ཏིག་ཏིག་གིས་བྱ་བ་བསྒྲུབ་པ་དང་། ཁྱད་ཆོས་ཐོན་པར་དམ་འཛིན་བྱེད་པ། ཕན་འབྲས་ཐོན་པར་དམ་འཛིན་བཅས་བྱེད་དགོས་པར་ནན་གྱིས་བསྟན།

ཚེ་རིང་ཐར་གྱིས་མཐོ་སྒང་གི་གྲང་བསིལ་སྔོ་ཚོད་ཐོན་ལས་འཕེལ་རྒྱས་གཏོང་བར་གནད་དོན་ཕྱོགས་སྟོན་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་བྱས་ནས། བེད་མེད་དྲོད་ཁང་བེད་སྤྱོད་བཟང་པོ་བྱེད་པར་ཤུགས་བསྣན་ཏེ་སྒྲིག་བཀོད་དྲོད་ཁང་ཐོན་སྐྱེད་གནས་ཚུལ་ལ་གྲལ་བཤེར་ནན་ཏན་བྱེད་པ་དང་། རིགས་ཁག་དབྱེ་ནས་དག་ཐེར་ལ་དམ་འཛིན་བཟང་པོ་བྱས་ཏེ་བེད་མེད་ཐོན་ཁུངས་ཕན་སྒྱུར་ཏན་ཏིག་བྱེད་དགོས། སྔོ་ཚོད་རྟེན་གཞི་ཚད་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་ཏེ། སྔོ་ཚོད་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་སོགས་ཀྱི་གཉེར་སྐྱོང་བྱེད་པོར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་དགོས། ལྗང་མདོག་སྐྱེ་ལྡན་གྱི་སྤུས་རྟགས་གཏོད་པར་ཤུགས་སྣོན་བརྒྱབ་སྟེ་ལུད་རྫས་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་ལག་བསྟར་ལ་ནན་ཏན་བྱེད་པ་དང་། སྔོ་ཚོད་ཐོན་སྐྱེད་ཀྱི་སྐྱེ་ལྡན་ལུད་དང་སྐྱེ་དངོས་ཞིང་སྨན་ཁྱབ་གདལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ལྗང་མདོག་སྐྱེ་ལྡན་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།