ཟི་ལིང་གི་མི4ཡིས་རིམས་འགོག་ལས་དོན་ལ་མ་བསྟུན་པས་བཀག་ཉར་བྱས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།     ཟླ8པའི་ཚེས23ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་གྲོང་ནུབ་ཆུས་སྤྱི་བདེ་ཡན་ལག་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཁྲིམས་འགལ་པ4ཡིས་མི་དམངས་སྲིད་གཞུང་གིས་གནས་ཚུལ་ཛ་དྲག་འོག་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་ལག་བསྟར་མ་བྱས་པར། གཞིས་ཁུལ་གྱི་རིམས་འགོག་ལས་དོན་ལ་མི་བསྟུན་པ་དང་། མི་གཞན་ལ་གཅར་རྡུང་བྱས་པ། ད་རུང་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ལས་འགན་སྒྲུབ་པར་འགོག་རྐྱེན་བཟོས་ཕྱིར། ཉེན་རྟོག་ཕྱོགས་ཀྱིས་སྲིད་འཛིན་བཀག་ཉར་བྱས་པ་རེད།

   ཟླ8པའི་ཚེས17ཉིན་གྱི་ཆུ་ཚོད14ཙམ་ལ། གྲོང་ནུབ་ཆུས་སྤྱི་བདེ་ཡན་ལག་ཅུའུ་ཕིང་ཅ་ཀྲའེ་མངགས་གཏོང་ཁང་ལ་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ110བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་ཞིང་། གྲོང་ནུབ་ཆུས་གཙོད་ལམ་གྱི་གཞིས་ཁུལ་ཞིག་གི་སྒོ་ཁར། མི་འགས་གཞིས་ཁུལ་གྱི་རིམས་འགོག་ལས་དོན་དང་མི་བསྟུན་པར། ཨང་བཤེར་ཐོ་འགོད་མི་བྱེད་པ་དང་ཡུལ་དངོས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བཞིན་ཡོད་པར་བཤད། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཡུལ་དངོས་སུ་བསྐྱོད་དེ་ཤེས་རྟོགས་བྱུང་བ་ལྟར་ན། ཧུའུ་ཆེ་གེ་མོ་བཟའ་ཟླ་གཉིས་ཁྲུང་ཆིང་ནས་ཟི་ལིང་དུ་འབྱོར་ཏེ་གཞིས་ཁུལ་དུ་སླེབས་སྐབས། གཞིས་ཁུལ་གྱི་རིམས་འགོག་ལས་དོན་མི་སྣས་བླང་བྱ་གཞིར་བཟུང་ནས། ཨང་བཤེར་ཐོ་འགོད་དང་ས་ཆ་གཞན་ནས་ཟི་ལིང་དུ་སླེབས་མཁན་གྱིས་རིམས་ནད་སྔོན་འགོག་གི་འབྲེལ་ཡོད་ཆ་འཕྲིན་འབྲི་བར་གཞིགས་ནས་ལས་དོན་མི་སྣ་དང་རྩོད་པ་བྱུང་། ཧུའུ་ཆེ་གེ་མོ་བཟའ་ཟླ་གཉིས་ཀྱིས་གཞིས་ཁུལ་གྱི་རིམས་འགོག་ལས་དོན་མི་སྣས་ཐོ་འགོད་བྱེད་དགོས་པའི་རེ་བ་བཏོན་པ་དང་ས་ཆ་གཞན་ནས་ཟི་ལིང་དུ་ཡོང་མཁན་ལ་ཉིང་སྐྱུར་ཞིབ་དཔྱད་ཀྱི་སྙན་ཞུ་སོགས་ཀྱི་དཔྱད་ཡིག་ལ་ལྟ་ཞིབ་བྱེད་པ་ནི་བསམ་བཞིན་དུ་ཁོ་གཉི་ཀར་དཀའ་ཁག་བཟོས་པ་རེད་འདོད་ཅིང་། དེའི་རྗེས། ཧུའུ་ཆེ་གེ་མོ་བཟའ་ཟླ་གཉིས་ཀྱི་བུ་དེ་གར་སླེབས་ནས། ཧུའུ་ཆེ་གེ་མོ་བཟའ་ཟླ་གཉིས་ལ་རིམས་འགོག་ལས་དོན་ལ་རང་འགུལ་ངང་བབ་བསྟུན་་བྱེད་དགོས་པའི་སློབ་གསོ་གཏོང་བཞིན་པའི་ཡུལ་དངོས་ཀྱི་སྡོད་མི་ཞིག་དང་ཁ་རྩོད་བྱུང་བ་མ་ཟད། ཡུལ་མི་དེར་གཅར་རྡུང་དྲག་པོ་བྱས། གནས་ཚུལ་ཤེས་རྟོགས་བྱུང་རྗེས། མི་དམངས་ཉེན་རྟོག་པས་ཧུའུ་ཆེ་གེ་མོ་བཟའ་ཟླ་གཉིས་ཀྱི་བུ་མངགས་གཏོང་ཁང་དུ་ཁྲིད་དེ་བརྟག་དཔྱད་བྱེད་དུ་འགྲོ་གྲབས་བྱེད་སྐབས། ཧུའུ་ཆེ་གེ་མོའི་བཟའ་ཟླ་གཉིས་ཀྱི་བུ་མོ་ཡུལ་དངོས་སུ་སླེབས་ནས། མི་དམངས་ཉེན་རྟོག་པར་འཇུས་ནས་རང་གར་ས་ལ་འགྱེད་དེ། “ཉེན་རྟོག་པས་མི་ལ་རྡུང་བྱུང”ཞེས་སྐད་གསང་མཐོན་པོས་བོས་པ་དང་། ཉེན་རྟོག་པས་རང་གི་གཅུང་པོ་མངགས་གཏོང་ཁང་དུ་ཁྲིད་དེ་བརྟག་དཔྱད་བྱེད་པར་བཀག་འགོག་བྱ་རྩིས་བྱས།

   ཉིན་ཤས་སྔོན། ཉེན་རྟོག་ཕྱོགས་ཀྱིས་འབྲེལ་ཡོད་ཁྲིམས་འགལ་མི་སྣར་སྲིད་འཛིན་ཆད་པ་བཅད། ཧུའུ་ཆེ་གེ་མོ་བཟའ་ཟླ་གཉིས་ཀྱིས་མི་དམངས་སྲིད་གཞུང་གིས་གནས་ཚུལ་ཛ་དྲག་པོའི་འོག་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་ལག་བསྟར་མ་བྱས་པས། ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན5ཡི་ཆད་པ་བཅད་པ་དང་། ཧུའུ་ཆེ་གེ་མོའི་བུ་ཡིས་མི་གཞན་ལ་གཅར་རྡུང་བྱས་པས། ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པའི་ཉིན5ཡི་ཆད་པ་བཅད། ཧུའུ་ཆེ་གེ་མོའི་བུ་མོ་དེས་མི་དམངས་ཉེན་རྟོག་པས་ལས་འགན་སྒྲུབ་པར་འགོག་རྐྱེན་བཟོས་པས་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན10ཡི་ཆད་པ་བཅད་པ་རེད།།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།