མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་གནང་ནས། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་བའི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་མ་ལག་མགྱོགས་མྱུར་གྱིས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱེད་པ་སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་གནང་།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཐུན་མོང་འབྱོར་ཕྱུག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་དོན་སྙིང་དང་བྱ་བའི་གཙོ་གནད་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་ལ་གཞི་བཙུགས་ཏེ་ཐབས་ལམ་དང་། ཚད་མཐའ་འཛིན་སེམས་རྒྱུན་འཁྱོངས་ཀྱིས་བརྒྱུད་རིམ་ལྡན་པའི་སྒོ་ནས་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་ལ་བརྩི་སྲུང་བྱེད་པ། དུས་མཚམས་གོང་མའི་ལས་དོན་གྱི་རྨང་གཞིའི་ཐོག་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་སྔར་བས་གཟབ་ནན་དུ་གཏོང་བ། ཕྱོགས་སོ་སོའི་འགན་འཁྲི་ནན་དུ་གཏོང་བ། དངུལ་རྩའི་ཁྲིམས་སྐྱོང་དང་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་དོ་དམ་གྱི་ནུས་པ་ཆེ་རུ་གཏོང་བ་དང་ལྟ་སྐུལ་དོ་དམ་གྱི་གཞི་གྲངས་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གྲོན་ཆུང་ངང་འཚོ་བ་སྐྱེལ་བའི་བླང་བྱ་དོན་འཁྱོལ་ནན་མོ་བཅས་བྱས་ཏེ་དངུལ་རྩའི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བའི་ལས་དོན་སྤྱི་འདོམས་བཟང་བོ་བྱེད་དགོས་པར་བསྟན། 

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིག་སྔའི་དཔལ་འབྱོར་དུས་བབ་ལ་བརྡར་ཤ་གལ་ཆེན་བཅད་པ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་གནད་དུ་འཁེལ་བར་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་དང་ཟུང་འབྲེལ་བྱེད་པ། རྒྱལ་ཁབ་ཀྱི་སྲིད་ཇུས་ལ་ཞིབ་འཇུག་དང་། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། སྲིད་ཇུས་ཀྱི་ཁེ་སྤོགས་སྤྲོད་པ་བཅས་འགན་འཁྲི་གཙང་སྒྲུབ་བྱེད་པ་གལ་ཆེན་ནང་གི་འགངས་ཆེན་ཏུ་བརྩིས་ནས་འགན་འཁྲིའི་གསལ་ཐོ་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་བརྩོན་ལེན་དང་འབྲེལ་མཐུད། དོན་འཁྱོལ་བཅས་དམ་འཛིན་བྱེད་པའི་ཐད་འབད་བརྩོན་ཧུར་ཐག་བྱས་ཏེ། ལས་འགན་སོ་སོ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་པར་བསྟན།

གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་གཞིར་བཟུང་། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བཟང་པོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ནན་ཏིག་བྱེད་པ། འབྲུབ་འགོག་གེགས་སེལ་གྱི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཁྲལ་འཕྲི་ཡོན་གཅོག་གི་སྲིད་ཇུས་ཁག་དོན་འཁྱོལ་ཡོང་བར་ཧུར་ཐག་བྱེད་པ། དམངས་འཚོའི་དོན་དངོས་བཟོ་སྐྲུན་མངོན་གསལ་དོད་པོས་དམ་འཛིན་བཟང་པོ་བྱེད་པ་བཅས་བྱས་ནས། རྨ་སྟོད་ས་ཁུལ་གྱི་གནོད་ཐེབས་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་ནན་ཏན་གྱིས་སྐུལ་འདེད་གཏོང་དགོས་པར་བསྟན།

གྲོས་ཚོགས་སྟེང་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། “ཞིང་ཆེན་གྱི་གནས་ཚུལ་ཆེ་ཤོས་གསུམ”ལ་གཞི་ཚུགས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་གིས་བསྐྲུན་པ། “ས་ཆ་བཞི”མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ། “ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པར་རོགས་རམ་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་ཁོང་དུ་ཆུད་པར་བྱས་ཏེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་གཙོ་རྐང་དུ་བྱས་ནས། ནུས་ལྡན་ཁྲོམ་ར་དང་དོན་དངོས་སྒྲུབ་པའི་སྲིད་གཞུང་ལ་སྔར་ལས་ཟུང་འབྲེལ་བཟང་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་སྒྲིག་སྲོལ་འཛུགས་པ་དང་སྒྲིག་གཞི་འཛུགས་པའི་ནུས་པ་ཆེ་རུ་གཏོང་བ། གཅིག་གྱུར་སྒོ་འབྱེད་དང་། འགྲན་རྩོད་གོ་རིམ་ལྡན་པ། ལམ་ལུགས་ཆ་ཚང་བ། བཅོས་སྐྱོང་འཐུས་ཚང་བཅས་ཀྱི་ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་བསྐྲུན་དགོས་པར་ནན་གྱིས་བསྟན།

གྲོས་ཚོགས་སྟེང《མཚོ་སྔོན་ཞིང་ཆེན་གྱི་འཁོར་རྒྱུག་དཔལ་འབྱོར་སྐུལ་འདེད་སྲོལ་ཡིག(འཆར་ཟིན)》ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། འཆར་ཟིན་ནང་ལག་ལེན་དངོས་ཀྱི་སྟེང་ནས་སྤྱོད་གོ་ཆོད་ཅིང་ནུས་པ་ལྡན་པའི་མཚོ་སྔོན་ཞིང་ཆེན་གྱི་འཁོར་སྐྱོད་དཔལ་འབྱོར་ལས་དོན་གྱི་ཉམས་མྱོང་དང་། རྒྱལ་ཁབ་དང་དེ་བཞིན་ཞིང་ཆེན་གྱི་སྲིད་ཇུས་ཡིག་ཆའི་དགོངས་དོན་གསར་ཤོས་སོགས་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་དུ་གཙོ་གནད་དུ་བཟུང་ནས་ར་སྤྲོད་བྱས།《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག(འཆར་ཟིན)》ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། འཆར་ཟིན་ནང་གནད་དོན་དང་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་བསྒྱུར་ལ་ཐོབ་པའི་གྲུབ་འབྲས་དག་ས་གནས་ཀྱི་ཁྲིམས་འཛུགས་ཁྲོད་འཇུག་དགོས། གྲོས་ཚོགས་སྟེང་འཆར་ཟིན་གཉིས་ལ་བཟོ་བཅོས་བརྒྱབ་ནས་འཐུས་ཚང་དུ་བཏང་རྗེས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་འབུལ་བར་གཏན་འབེབས་བྱས།

གྲོས་ཚོགས་སྟེང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།