མཚོ་སྔོན་རྨ་སྟོད“5·22”ས་འགུལ་གནོད་ཤུལ་བསྐྱར་སྐྲུན་བཀོད་འདོམས་པུའུ་ཡིས་ཚོགས་འདུ་ཐེངས་བདུན་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས24ཉིན། མཚོ་སྔོན་རྨ་སྟོད“5·22”ས་འགུལ་གནོད་ཤུལ་བསྐྱར་སྐྲུན་བཀོད་འདོམས་པུའུ་ཡིས་ཚོགས་འདུ་ཐེངས་བདུན་པ་བསྡུས་ཏེ། ས་འགུལ་གནོད་ཤུལ་བསྐྱར་སྐྲུན་བྱ་བའི་གནས་ཚུལ་ལ་ཉན་པ་དང་། གནོད་ཤུལ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་དང་ལས་གཞིར་ཞིབ་འཇུག་དང་། རྗེས་མའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པའམ་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། 

ཚོགས་འདུས་བསྟན་དོན། གནོད་ཤུལ་བསྐྱར་སྐྲུན་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་བཀོད་འདོམས་པུའུ་ཡི་ཁོངས་མི་ལས་ཁུངས་དང་འབྲེལ་ཡོད་ས་ཁུལ་གྱི་རང་འགུལ་བྱེད་སྟངས་དང་། བྱེད་སྟངས་མྱུར་མོ། ཚན་རིག་སྒོས་སྡེབ་སྒྲིག་དང་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་འབྲས་བུ་ལེགས་པོ་བླངས་ཡོད་ཅེས་བསྟན། 

ཚོགས་འདུས་རྗེས་མར། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་མ་དངུལ་རྒྱབ་སྐྱོར་བརྩོན་ལེན་དང་། བྱ་བའི་ལས་འགན་དང་བྱེད་ཐབས་ལ་རྐང་བཙུགས་ཏེ། ལས་གཞིའི་སྔོན་གྱི་བྱ་བ་ཞིབ་ཚགས་སུ་བཏང་ནས། རྒྱལ་ཁབ་པུའུ་ཨུའི་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས། མགྱོགས་མྱུར་སྒོས་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། “གཙོ་གནད་དང་རྨང་གཞི།དམངས་འཚོའི་བཅས་འགན་སྲུང”བྱེད་པའི་རྩ་དོན་ལྟར། སྡོད་ཁང་ཞིག་གསོ་དང་སྲ་བརྟན་དུ་གཏོང་བའི་ལས་འགན་དུས་ལྟར་ལེགས་འགྲུབ་བྱས་ནས། མང་ཚོགས་ཀྱིས་དྲོ་སྐྱིད་ངང་དགུན་སྐྱེལ་བར་འགན་སྲུང་བྱེད་དགོས། བསྐྱར་སྐྲུན་གྱི་འགྲོ་གྲོན་ཚོད་འཛིན་ནན་མོ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ནས། བསྐྱར་སྐྲུན་གཞི་ཁྱོན་ཚོད་འཛིན་ནན་མོ་དང་། ལུགས་མཐུན་སྒོས་ཚད་གཞི་གཏན་འབེབ་དང་ཚན་རིག་ལྟར་ཚད་རིམ་གསལ་འབྱེད་བྱས་ཏེ། འཆར་འགོད་དང་ཞིབ་བཤེར། སྤུས་ཚད་བཅས་ཀྱི་གོ་རིམ་གཟབ་ནན་བྱེད་པ་དང་། ནོར་སྲིད་སྒྲིག་ཁྲིམས་གཟབ་ནན་སྒོས་མ་དངུལ་ཐད་ཀྱི་གནད་དོན་འགོག་སྲུང་ནན་མོ་བྱེད་དགོས། བསྐྱར་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པར་མཐོང་ཆེན་དང་། ཚན་རིག་གི་བཀོད་སྒྲིག་རྒྱུན་འཁྱོངས་བྱས་ཏེ། བྱེ་ཟེགས་སོགས་མཁོ་འདོན་འགན་སྲུང་དང་། གང་འདོད་དུ་སྔོག་འདོན་དང་བརྐོ་བ་སོགས་བཀག་འགོག་བྱས་ཏེ། འཛུགས་སྐྲུན་གད་སྙིགས་གཙང་སེལ་བྱེད་དགོས། འགན་འཁྲི་དོན་འཁྱོལ་དང་བྱ་བའི་སྟོབས་ཤུགས་དངོས་འབེབས་བྱས་ཏེ། འགན་འཁུར་རྩིས་ཐོ་དོན་འཁྱོལ་དང་། ལྟ་སྐུལ་ཞིབ་བཤེར་ཤུགས་ལ་ཤུགས་བསྣན་ནས། གནོད་ཤུལ་བསྐྱར་སྐྲུན་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།