མཚོ་སྔོན་ནས་ཧ་སག་སི་ཐན་བར་གྱི“ལྕགས་ལམ་གཞུང་ལམ་ལ་བསྒྱུར་བའི”ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཐོག་མ་བདེ་བླག་ངང་ཤར་གཏོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ8པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་མཚོ་སྔོན་ནས་ཧ་སག་སི་ཐན་བར་གྱི“ལྕགས་ལམ་ནས་གཞུང་ལམ་ལ་བསྒྱུར་བའི”ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་བདེ་བླག་ངང་ཤར་གཏོང་ཐུབ་པ་བྱུང་ཞིང་། ཐེངས་འདིའི“ལྕགས་ལམ་ནས་གཞུང་ལམ་བསྒྱུར་བའི་རྒྱལ་སྤྱིའི་དུས་གཏན་མེ་འཁོར”ནི2012ལོའི་རྒྱལ་ཡོངས་སུ་ཀྲུང་གོ་དང་ཡོ་རོབ་དབར་གྱི་རྒྱལ་སྤྱིའི་དུས་གཏན་མེ་འཁོར་ཤར་གཏོང་བྱས་པ་ནས་ད་ལྟའི་བར། “ལྕགས་ལམ་ནས་ལྕགས་ལམ་མཉམ་འདྲེན། ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན། གཞུང་ལམ་གཅིག་བསྡུས”བཅས་ཕུད་པའི་རྒྱལ་སྤྱིའི་དུས་གཏན་མེ་འཁོར་སྐྱེལ་འདྲེན་གྱི་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་ཡིན། མེ་འཁོར་ཤར་གཏོང་བྱེད་མགོ་ཚུགས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་རྒྱུན་གཏན་ཅན་གྱི་འཁོར་སྐྱོད་ལ་སྔར་བས་སྐུལ་འདེད་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་མཉམ་འདྲེས་ཐུབ་པར་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།

ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ནི་མཚོ་སྔོན་ཞིང་ཆེན“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཞུགས་པ་དང་། རྒྱལ་སྤྱིའི་ཚོང་དོན་གྱི་ཐབས་ལམ་དང་རྟེན་གཞི་གལ་ཆེན་ཤར་གཏོང་བྱས་པའི་རིང་། དུས་གཏན་མེ་འཁོར་གཏོང་མགོ་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་དང་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ཚོང་དོན་ཐབས་ལམ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། མཚོ་སྔོན་ཞིང་ཆེན་དང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དབར་གྱི་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། མཚོ་སྔོན་གྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཚོང་དོན་ཐིང་གིས་ས་ཁོངས་ཀྱི་ཐོན་ལས་ཁྱད་ཆོས་དང་ལྕགས་ལམ་སྐྱེལ་འདྲེན་གྱི་ཐོན་ཁུངས་ཆ་མཐུན་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། ཞི་ཨན་སྐམ་སའི་གྲུ་ཁའི་སྐམ་ས་ཆེ་མོའི་ཟམ་ཆེན་རྒྱལ་སྤྱིའི་ཟོག་འགྲེམས་ཚད་ཡོད་ཀུང་སི་དང་ཧུར་ཐག་གིས་འབྲེལ་མཐུད་བྱས་ཤིང་། ཉེ་དུས་རང་རེའི་ཞིང་ཆེན་གྱིས་མཚོ་སྔོན་དབྱི་ལེན་ཏ་མཁོ་སྤྲོད་སྦྲེལ་ཐག་ཞབས་ཞུ་ཚད་ཡོད་ཀུང་སི་ཐོ་འགོད་བྱེད་པ་ལེགས་འགྲུབ་བྱུང་ཞིང་། དེའི་དམིགས་ཡུལ་ནི་ཀུང་སིས་རྒྱལ་ཁབ་ཕྱི་ནང་གི་ཚོང་ཤག་གི་ཁྲོམ་ར་རྒྱ་སྐྱེད་ཀྱི་ཐབས་ལམ་འདོན་སྤེལ་དང་། རང་རེའི་ཞིང་ཆེན་གྱི་ས་བབས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་ར་སྔོག་འདོན་བྱ་རྒྱུ་དེ་ཡིན།

ཟླ8པའི་ཚེས16ཉིན། མཚོ་སྔོན་དབྱི་ལེན་ཏ་མཁོ་སྤྲོད་སྦྲེལ་ཐག་ཞབས་ཞུ་ཚད་ཡོད་ཀུང་སིས་མཚོ་སྔོན་གྱི་ས་བབ་ཁྱད་ཆོས་ལ་དམིགས་ནས། ཟི་ལིང་དུ་ཚོད་ལྟའི་དུས་གཏན་མེ་འཁོར47བདེ་བླག་ངང་སྐྱེལ་འདྲེན་བྱས་པ་དང་། དངོས་ཟོག་གཙོ་བོ་ལྷམ་དང་ཞྭ་མོ། གློག་རྡུལ་ཐོན་རྫས། འཕྲུལ་ཆས་སྒྲིག་ཆས་སོགས་ཡིན་ཞིང་། དངོས་ཟོག་རིན་ཐང་ཨ་སྒོར་ཁྲི400ཙམ་ཟིན་ཡོད། ཤར་གཏོང་ལམ་ཐིག་ནི་མཚོ་སྔོན(ཟི་ལིང)ནས་ཞིན་ཅང(ཧོ་འར་ཀོ་སི་གྲུ་ཁ)དེ་ནས་ཧ་སག་སི་ཐན(ཨ་ཐིན་ཁུ་ལི)བར་ཡིན། “ལྕགས་ལམ་བརྒྱུད་ནས་གཞུང་ལམ་ལ་བསྒྱུར་བའི་རྒྱལ་སྤྱིའི་དུས་གཏན་མེ་འཁོར”དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོ་དང་ཡོ་རོབ་ཀྱི་རྒྱལ་སྤྱིའི་དུས་གཏན་མེ་འཁོར་དང་པོ་ཡིན་པ་དང་། དེའི་ལེགས་ཆ་དང་ཁྱད་ཆོས་ནི་ད་ཡོད་ཀྱི་སྒྲིག་ཆས་བརྗེ་བའི་ལམ་ཐིག་མ་བརྒྱུད་པར། མགྱོགས་མྱུར་གྱིས་རྒྱལ་མཚམས་བརྒལ་ནས་ཟོག་འདྲེན་ལམ་ཐིག་སྦྲེལ་བ་དང་། ཐེངས་གཅིག་གིས་སྒོ་ཁྲལ་ཞིབ་བཤེར་ལེགས་འགྲུབ་བྱ་རྒྱུ་དེ་ཡིན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།