མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་འབྲིང་ཆུང(བྱིས་གཉོར་ཁང)གི་སྟོན་དུས་སློབ་སྐབས་ཀྱི་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས《2021ལོའི་སློབ་གྲྭ་འབྲིང་ཆུང་གི(བྱིས་གཉོར་ཁང)གི་སྟོན་དུས་སློབ་སྐབས་ཀྱི་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ》བཏང་སྟེ། སྟོབས་ཤུགས་ཡོད་རྒུས་སློབ་མགོ་རྩོམ་པའི་གྲ་སྒྲིག་བྱ་བ་སོ་སོ་ལེགས་པོར་སྒྲུབ་དགོས་པའི་བླང་བྱ་བཏོན། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སློབ་གྲྭ་འབྲིང་ཆུང་དང་བྱིས་གཉོར་ཁང་།(མཐོ་རིམ་སློབ་གྲྭ་དང་སློབ་གྲྭ་འབྲིང་ཆུང་། བྱིས་གཉོར་ཁང་སོ་སོ)རྩ་དོན་སྟེང་ཟླ9པའི་ཚེས1ཉིན་སློབ་མགོ་རྩོམ་རྒྱུ་དང་། ཟླ9པའི་ཚེས2ཉིན་ནས་བཟུང་དངོས་སུ་སློབ་ཁྲིད་བྱེད་པ། དེ་མིན་ཐག་རིང་ས་ཁུལ་གྱི་སློབ་མ་དང་ཁྱིམ་བདག་ལ་བྱེད་ཐབས་སྣ་མང་སྤྱད་དེ་སྔོན་ལ་སློབ་མགོ་རྩོམ་པའི་དུས་ཚོད་ཀྱི་བརྡ་ཐོ་བཏང་ནས། དུས་ལྟར་སློབ་གྲྭར་ཡོང་ནས་སློབ་ཁྲིད་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། དགེ་སློབ་ལས་བཟོ་བ་རྩ་དོན་སྟེང་སྔོན་གྱི་གཟའ་འཁོར་གཅིག་ལ་ལས་གནས་སུ་ཐོན་ནས། ཞིང་ཆེན་ཡོངས་ཀྱི་སྟོན་དུས་སློབ་སྐབས་ཀྱི་སློབ་མགོ་རྩོམ་པའི་བྱ་བ་བདེ་འཇགས་དང་གཏན་འཇགས། གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། 

བརྡ་སྦྱོར་ལས། འོས་འགན་སློབ་གསོའི་སློབ་གྲྭས“ཉེ་ས་དང་རྒྱུགས་མི་ལེན་པར་སློབ་གྲྭར་འགྲོ་བ”དོན་འཁྱོལ་གཟབ་ནན་དང་། སློབ་གྲྭ་བདམས་པ་དང་འཛིན་གྲྭ་འདེམས་པ་གཅིག་ཀྱང་མེད་པར་བྱེད་དགོས། དབང་བོ་སྐྱོན་ཅན་གྱི་བྱིས་པ་སློབ་གྲྭར་འགྲོ་བའི་ལྟ་སྐུལ་ཚོད་འཛིན་དང་བརྟག་དཔྱད་ཚད་ལེན་གྱི་མཇུག་འབྲས་ལྟར། དབང་བོ་སྐྱོན་ཅན་གྱི་བྱིས་པ་སློབ་གྲྭར་བཀོད་སྒྲིག་བྱེད་པ་ཚད་ལྡན་དུ་གཏོང་དགོས། སྤྱིར་བཏང་གི་མཐོ་འབྲིང་སློབ་མ་བསྡུ་ལེན་གྱི་དོ་དམ་ལ་ཤུགས་བསྣན་ནས། ས་ཁོངས་བརྒལ་བ་དང་ཁྱབ་ཁོངས་བརྒལ་བ། གཞི་ཁྱོན་ལས་བརྒལ་བའི་སློབ་མ་བསྡུ་བ་བཀག་འགོག་བྱེད་དགོས། ས་གནས་སོ་སོའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གི་འགན་ཁུར་བ་གཙོ་བོ་དང་། ལས་བགོས་འགན་ཁུར་བ། སློབ་གྲྭ་འབྲིང་ཆུང་གི་སློབ་གཙོས་སྣེ་ཁྲིད་དེ་ཞིང་ཆེན་སློབ་གསོ་ཐིང་གི་བྱོལ་འགོག་སློབ་སྲུང་ Appསྟེགས་བུ་བེད་སྤྱད་དེ། ལས་བྱེད་པའི་མཉམ་འབྲེལ་སྒྲིག་སྲོལ་རྩ་འཛུགས་དོ་དམ་དང་། སློབ་གྲྭར་འགྲོ་བ། འཛིན་གྲྭར་སོང་ནས་སློབ་མའི་མིང་ཐོ་རྩིས་ལེན་བྱས་ཏེ། སྣེ་ཁྲིད་དེ་བྱོལ་འགོག་སློབ་སྲུང་འགན་ཁུར་ལག་བསྟར་བྱེད་དགོས། མིང་ཐོའི་ཁྲོད་ཡོད་པའི་སློབ་མའི་ཐོ་འགོད་གནས་ཚུལ་ལ་ལྟ་སྐུལ་ཚད་ལེན་བྱེད་པ་དང་། སློབ་སྔོན་སློབ་གསོ་དང་སྤྱིར་བཏང་གི་མཐོ་འབྲིང་སློབ་མའི་ཐོ་འགོད་སློབ་ཞུགས་གནས་ཚུལ་ལ་རྗེས་འདེད་ལྟ་སྐུལ་ཚད་ལེན་བྱེད་དགོས།

བརྡ་སྦྱོར་ལས། ས་གནས་སོ་སོ་དང་སློབ་གྲྭ་སོ་སོས་སློབ་ཁྲིད་བཀོད་སྒྲིག་དང་སློབ་ཁྲིད་དུས་ཚོད་བཀོད་སྒྲིག་གཅིག་གྱུར་དང་། གཟབ་ནན་སྒོས་རྒྱལ་ཁབ་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱ་ཐབས་དང་སློབ་ཁྲིད་ཚད་གཞི་ལག་བསྟར་བྱེད་པ། ཚོད་ལྟ་དང་ཚན་རིག ལུས་རྩལ། རོལ་མོ། མཛེས་རྩལ། ངལ་རྩོལ། སྤྱི་ཚོགས་ལག་ལེན་སོགས་སློབ་ཁྲིད་བཀོད་སྒྲིག་ཚད་ལྡན་དུ་བཏང་ནས། སློབ་ཁྲིད་དོ་མཉམ་དང་སློབ་ཁྲིད་དུས་ཚོད་འདང་བར་ཁག་ཐེག་བྱེད་པ་དང་། ཏན་ཏིག་གིས《མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་བསླབ་གཞི་དོ་དམ་ལག་བསྟར་རྩ་གནད》དང་བསླབ་གཞི་འཛུགས་སྐྲུན་འཆར་འགོད་བྱ་ཐབས་དོན་འཁྱོལ་བྱེད་པ། དེ་མིན་གཟབ་ནན་སྒོས་བསླབ་གཞི་རྒྱུ་ཆའི་དཔེ་ཆའི་དཀར་ཆག་སྒྲིག་སྲོལ་ལག་བསྟར་བྱེད་པ་དང་། “བསླབ་ཚན་གཅིག་ལ་ཟུར་སྟོན་རྒྱུ་ཆ་གཅིག”ལག་བསྟར་བྱས་ནས། སློབ་མའི་སློབ་གཉེར་ཁུར་བོ་ཇེ་ཡང་དུ་བཏང་སྟེ། “དོ་དམ་ཁག་ལྔའི”བླང་བྱ་སོ་སོ་གཟབ་ནན་སྒོས་དོན་འཁྱོལ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། ཏན་ཏིག་གིས་སློབ་གསོ་པུའུ་ཡི་བླང་བྱ་སོ་སོ་ལག་བསྟར་བྱས་ནས། “དོ་དམ་ཁག་ལྔའི”བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་དང་། དགེ་རྒན་དང་ཁྱིམ་བདག་བར་ཡང་དག་པའི་སློབ་གསོའི་ལྟ་བ་དང་། འཇོན་མིའི་ལྟ་བ་ཆགས་པར་སྣེ་ཁྲིད་བྱེད་དགོས། བྱེད་སྟངས་མི་ལེགས་པ་དང་གཡོལ་སེམས་སྐྱེས་མཁན། སློབ་མ་རྩ་འཛུགས་བྱས་ཏེ་སྔོན་ལ་སློབ་གྲྭར་ཐོན་པ་དང་། ཚད་ལས་བརྒལ་བའི་ལས་བྱ་བཀོད་སྒྲིག་བྱེད་པ། ཡང་ན་སྐད་འཕྲིན་དང་ཏིན་ཏིན་སོགས་སྟེགས་བུ་བརྒྱུད་དེ་ཁྱིམ་བདག་དང་སློབ་མར་ལས་བྱ་བཀོད་སྒྲིག་བྱེད་པའི་སྒྲིག་འགལ་བྱ་སྤྱོད་ཡོད་ཚེ། གཟབ་ནན་སྒོས་ཐག་གཅོད་བྱེད་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སྤྱི་བསྒྲགས་བྱ་རྒྱུ་ཡིན་ཞེས་ནན་གྱིས་བསྟན།

བརྡ་སྦྱོར་ལས། སློབ་མགོ་རྩོམ་པའི་ཐོ་འགོད་བྱེད་སྐབས། དགེ་རྒན་ཡོངས་དང་ལས་བཟོ་བས་བདེ་ཐང་ཨང་བཤེར་དང་། འགྲོ་འདུག་ཨང་བཤེར(ལག་ཁྱེར་ཁ་པར་མེད་པའི་སློབ་མས་ཁྲིམས་བཀོད་ལྟ་སྲུང་བ་དང་། སློབ་མ་རང་གི་བདེ་ཐང་གནས་ཚུལ། དབྱར་གནང་སྐབས་ཀྱི་འགྲོ་འདུག་སོགས་ལ་ཡིག་ངོས་ཁས་ལེན)འཛིན་དགོས། སྒོས་སུ་དབྱར་གནང་སྐབས་སུ་ཞིང་ཆེན་བརྒལ་བའི་དགེ་སློབ་དང་ལས་བཟོ་བས་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་དུས་ཚོད48རིང་གི་ཉིང་སྐྱུར་བརྟག་དཔྱད་སྲིབས་གཤིས་དཔང་ཡིག་ཞུ་སྤྲོད་བྱས་རྗེས་སློབ་གྲྭར་ཡོང་ཆོག བྱིས་གཉོར་ཁང་དང་སློབ་ཆུང་སློབ་མའི་ཐོ་འགོད་འགྲོ་ལུགས་སྒྲུབ་སྐབས། ཁྱིམ་བདག་དང་ལྟ་སྲུང་བས་འགོག་ཁབ་བརྒྱབ་པའི་དཔང་ཡིག་དང་འགོག་ཁབ་བྱང་བུ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།