མཱ་ཅི་ཞའོ་ཡིས་རྨ་ལྷོ་ཁུལ་གྱི་མང་ཚོགས་ཚོགས་པའི་མཉམ་ལས་ཅན་གྱི་བྱ་བར་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་མང་ཚོགས་ཚོགས་པའི་མཉམ་ལས་ཅན་གྱི་རྟེན་གཞི་དང་། ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས། ཀླུ་སྒྲུབ་རི་མོའི་སྒྱུ་རྩལ་གླིང་ངལ་རྩོལ་དཔེ་སྟོན་ཁང་གསར་པ། བདེ་སྐྱིད་གྲོང་ཚོའི་མང་ཚོགས་ཚོགས་པའི་ཞབས་ཞུའི་ས་ཚིགས་ཀྱི་མང་ཚོགས་ཚོགས་པའི་མཉམ་ལས་ཅན་གྱི་ལས་དོན་ལ་རྟོག་ཞིབ་གནང་། མཱ་ཅི་ཞའོ་ཡིས་ཡུལ་དངོས་སུ་རྟོག་ཞིབ་གནང་སྐབས། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་རང་གི་ལས་ཡུལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ལས་ཡུལ་གྱི་ཞབས་ཞུའི་ནུས་པ་སྔར་བས་འཕེལ་བ་དང་རྒྱ་ཆེར་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཧུར་ཐག་གིས་ཤུགས་རྐྱེན་ཐེབས་ཤུགས་དང་གོང་བུ་གཅིག་ཏུ་འགྲིལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པར་བསྟན།

མཱ་ཅི་ཞའོ་ཡིས་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ནི་ཏང་གི་ཤིན་ཏུ་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཚོགས་པའི་ལས་དོན་ལ་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཚོགས་པའི་ཏང་ཙུའུ་མགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་དང་ཆེ་རུ་གཏོང་རྒྱུ་དེ་མང་ཚོགས་ཚོགས་པའི་མཉམ་ལས་ཅན་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་བོར་ཁྱབ་ཏུ་འཇུག་དགོས། ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང། མང་ཚོགས་ལ་སྔར་ལས་ལེགས་པའི་སྒོ་ནས་རྩ་འཛུགས་དང་ཁྲིད་སྟོན་བྱས་ཏེ་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོ་ཧུར་ཐག་གིས་སྐོང་དགོས། སྟོབས་ཤུགས་བསྡུ་སྒྲིལ་ཇེ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མཉམ་སྤྱོད་ཅན་གྱི་ལས་སྟེགས་བསྐྲུན་ནས“ལས་བཟོ་བའི་ཁྱིམ་གཞིས”དང་། “ན་གཞོན་པའི་ཁྱིམ་གཞིས”“བུད་མེད་ཀྱི་ཁྱིམ་གཞིས”སོགས་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ཏེ“མང་ཚོགས་ཀྱི་ཁྱིམ་གཞིས”འཛུགས་སྐྲུན་བྱས་ནས། ཚོགས་པ་ཆེན་པོའི་མཉམ་འདྲེས་ཀྱི་བྱ་བའི་རྣམ་པ་ཞིག་ཆགས་པར་འབད་བརྩོན་བྱེད་དགོས། སྔོན་ཐོན་རང་བཞིན་འབུར་དུ་ཐོན་པ་བྱས་ཏེ་ལྟེ་གནས་ནང་འདྲེས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་ལས་ཕྱོད་ཆེ་རུ་གཏོང་བའི་ཐད་རང་འགུལ་ངང་ལས་དོན་སྤེལ་དགོས། མཐུན་སྦྱོར་མཉམ་ལས་ལ་མཐོང་ཆེན་བྱེད་པ་དང་། མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ། མཉམ་འདྲེས་མཉམ་འགུལ་གཏིང་ཟབ་བྱེད་པ་བཅས་ཀྱི་སྟེང་ནས་མང་ཚོགས་ཚོགས་པའི་དཔུང་སྡེར་ཁྱོན་ཡོངས་ནས་སྐུལ་སློང་བྱས་ཏེ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཞབས་ཞུ་སྔར་ལས་ཐད་ཀར་དང་། སྔར་ལས་དུས་ལྟར། སྔར་ལས་ནུས་པ་ལྡན་པ་བཅས་ཡོང་བ་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།