མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་རིན་ཡོད་གསབ་ཁྲིད་སོགས་གནད་དོན་ཀྱི་ཆེད་དམིགས་བཅོས་སྐྱོང་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས24ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་གསལ་ལྟར་ན། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཆེད་ལས་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སློབ་མའི་སློབ་གཉེར་གྱི་ཁུར་བོ་དང་ཁྱིམ་ཚང་གི་དཔལ་འབྱོར་ཁུར་བོ་ཇེ་ཡང་དུ་གཏོང་བ། རྒྱ་ཆེའི་དགེ་སློབ་ཀྱི་བསམ་བློའི་རང་འགུལ་དང་བྱེད་སྟངས་རང་འགུལ་ལ་སྣེ་ཁྲིད་བྱས་ཏེ། བླ་མེད་ཀྱི་དགེ་རྒན་ཀུན་སྤྱོད་གསོ་སྐྱོང་བྱ་ཆེད། ཞིང་ཆེན་སློབ་གསོ་ཐིང་གིས་ཉེ་ཆར《མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་རིན་ཡོད་གསབ་ཁྲིད་སོགས་གནད་དོན་གྱི་བཅོས་སྐྱོང་བྱ་ཐབས》དཔར་འགྲེམ་བྱས་ཤིང་། 2021ལོའི་ཟླ8པ་ནས2022ལོའི་ཟླ2པའི་བར་ཁྱོན་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་རིན་ཡོད་གསབ་ཁྲིད་སོགས་གནད་དོན་གྱི་བཅོས་སྐྱོང་བྱ་འགུལ་སྤེལ་རྒྱུ་རེད།

ཐེངས་འདིའི་བཅོས་སྐྱོང་གི་ནང་དོན་ལ། གཅིག་ནས་སློབ་ཁྲིད་སྐབས་སུ་མི་ཁྲིད་པར་སློབ་ཁྲིད་རྗེས་སུ་ཁྲིད་པ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱིས་བསམ་བཞིན་དུ་སློབ་ཁྲིད་སྐབས་སུ་སྒྲུབ་མི་ཚར་བའི་སློབ་ཁྲིད་ལས་འགན་དེ། སློབ་ཁྲིད་རྗེས་སུ་གསོ་སྦྱོང་འཛིན་གྲྭ་སྒྲུབ་ཏེ་གྲོན་དངུལ་ལེན་པ་མ་ཟད། སློབ་མར་སློབ་ཕྱིའི་རིན་ཡོད་གསབ་ཁྲིད་རྩ་འཛུགས་དང་འོས་སྦྱོར། བློ་འགུག་བྱེད་པ་དང་། རིན་ཡོད་གསབ་ཁྲིད་ལ་མི་ཞུགས་པའི་སློབ་མར་རྡུང་རྡེག་འཁོན་སློག་སོགས་ཀྱི་སྒྲིག་འགལ་བྱ་སྤྱོད་དང་། དགེ་རྒན་གྱི་ཀུན་སྤྱོད་མི་ལེགས་པའི་གནད་དོན། གཉིས་ནས་སློབ་ཕྱིའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པར་རྩ་འཛུགས་བྱེད་པ། སློབ་གྲྭ་འབྲིང་ཆུང་གིས་སྤྱི་བའི་སློབ་གསོའི་ཐོན་ཁུངས་སམ་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་བེད་སྤྱད་དེ་མཉམ་འབྲེལ་སྒོས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པའམ་གྲོན་དངུལ་ལེན་པ་དང་། ལས་གནས་སུ་ཡོད་པའི་དགེ་རྒན་གྱིས་གསོ་སྦྱོང་འཛིན་གྲྭ་སྒྲུབ་པ། “ཁྱིམ་དུ་སོང་ནས”རིན་ཡོད་གསབ་ཁྲིད་བྱ་འགུལ་སྤེལ་བ་སོགས་ཀྱི་གནད་དོན། གསུམ་ནས་མིང་སྣ་ཚོགས་གཡར་ཏེ་རིན་ཡོད་གསབ་ཁྲིད་བྱེད་པ། ཁྱིམ་བདག་ཨུ་ཡོན་ལྷན་ཁང་དང་ཁྱིམ་མི། གཉེན་ཉེ་སོགས་ཀྱི་མིང་གཡར་ནས། གཅིག་བསྡུས་སྒོས་སྒྲིག་འགལ་གསབ་ཁྲིད་བྱེད་པ། རིན་ཡོད་གསབ་ཁྲིད་བྱེད་པའི་སློབ་གྲྭ་དང་དགེ་རྒན། བཞི་ནས་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་ནས་ཞོར་ལས་བྱེད་པ། ལས་གནས་སུ་ཡོད་པའི་དགེ་རྒན་གྱིས་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་ནས་ཞོར་ལས་སམ་ཡང་ན་མི་གཞན་དང་ཁྱིམ་བདག ཁྱིམ་བདག་ཨུ་ཡོན་ལྷན་ཁང་སོགས་རྩ་འཛུགས་ཀྱི་རིན་ཡོད་གསབ་ཁྲིད། ཡང་ན་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་དང་མི་གཞན་གྱི་སློབ་མའི་ཡོང་ཁུངས་མཚམས་སྦྱོར། འབྲེལ་ཡོད་བརྡ་འཕྲིན་མཁོ་འདོན་སོགས་ཀྱི་གནད་དོན། ལྔ་ནས་སྒྲིག་འགལ་ངང་ལེགས་སྐྱེས་དང་སྒོར་མོ་ལེན་པ། ཁྱིམ་བདག་དང་མཉམ་དུ་ཁེ་ཕན་བརྗེ་རེས་བྱེད་པ་དང་། རྣམ་པ་གང་རུང་གིས་སློབ་མ་དང་ཁྱིམ་བདག་གིས་བྱིན་པའི་ལེགས་སྐྱེས་དང་ལག་རྟགས་ལེན་པ། རིན་ཡོད་འཛིན་བྱང་སོགས་ལེན་པ། དེར་དངུལ་ཁང་ནས་སྒོར་མོ་བརྒྱུད་བསྐུར་དང་། སྐད་འཕྲིན་གྱི་ཁུག་དམར་སོགས་ཀྱི་བྱེད་ཐབས་གསར་བ་བརྒྱུད་དེ་ཁེ་ཕན་ལེན་པ། སྒོས་སུ་འཛིན་གྲྭ་བགོ་བ་དང་འདུག་སྟེགས་བརྗེ་བ་སོགས་གོ་སྐབས་བསྟུན་ནས་རྒྱུ་དངོས་ལེན་པའི་གནད་དོན། སློབ་མ་དང་ཁྱིམ་བདག་གིས་དགེ་རྒན་གྱི་མི་སྒེར་དང་ཁྱིམ་མིའི་འགྲོ་གྲོན་ཁག་ཁུར་དང་རྩིས་སྤྲོད་སོགས་ཀྱིི་གནད་དོན། སློབ་མ་དང་ཁྱིམ་བདག་གིས་གསོལ་སྟོན་དང་གནས་སྐོར། ལུས་ཕུང་སྦྱོང་བརྡར་སོགས་ཀྱི་འཛད་སྤྱོད་བྱ་འགུལ་ཁྲོད་ཞུགས་པའི་གནད་དོན། དེ་མིན་སྒྲིག་འགལ་ངང་ཁྱིམ་བདག་གིས་ཁེ་ཕན་དང་ལེན་བྱེད་པའི་བྱ་སྤྱོད་བཅས་འདུས། 

ཐེངས་འདིའི་བྱ་ཐབས་ལས། ས་གནས་སོ་སོས“ཆེད་སྤྱོད་མགོ་ཁྲིད་ཚན་ཆུང”བཙུགས་ཏེ། སྤྱི་ཚོགས་སུ་བྱེད་ཐབས་སྣ་མང་གིས་དྲིལ་སྒྲོག་སྐུལ་སློང་བྱེད་པ། དེ་མིན་སྤྱི་བསྒྲགས་ཞུ་གཏུགས་བྱེད་ཐབས་ཤར་གཏོང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱིས《མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱིས་རིན་ཡོད་གསབ་ཁྲིད་དང་ལེགས་སྐྱེས་མི་ལེན་པའི་སྤྱི་བསྒྲགས་ཁས་ལེན་ཡི་གེ》སྟེང་མིང་རྟགས་བཀོད་པ་དང་། ཉར་ཚགས་བྱས་ཏེ་ཁྱིམ་བདག་ལ་ཤེས་སུ་འཇུག་དགོས། དུས་མཚུངས་སུ། རང་བཤེར་རང་བཅོས་དོན་འཁྱོལ་གཟབ་ནན་བྱས་ཏེ། ཆེད་དོན་ཞུ་གཏུགས་ཁ་པར་དང་ཡིག་སྒམ་བཀོད་སྒྲིག་བྱེད་པ་དང་། དཔེར་མཚོན་གྱི་གྱོད་དོན་མཛོད་དང་བྱ་བའི་རྩིས་ཐོ་བཙུགས་ཏེ། སྒྲིག་འགལ་བྱ་སྤྱོད་རྩད་ཆོད་པའི་དགེ་རྒན་ལ་ཐག་གཅོད་ནན་མོ་བྱེད་པ། ཉེན་བརྡའི་སློབ་གསོ་བཏང་ནས། དགེ་རྒན་གྱིས་གྱོད་དོན་ཉམས་མྱོང་དུ་བྱས་ཏེ་སྒྲིག་ཁྲིམས་བརྩི་སྲུང་བྱེད་པར་སྣེ་ཁྲིད་བྱེད་དགོས། གཙོ་གནད་ཞིབ་བཤེར་དང་རང་དགར་ཞིབ་བཤེར་གཉིས་ཟུང་འབྲེལ་སྒོས་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་བྱ་རྒྱུ་དང་། དུས་ཐོག་ཏུ་ཞིབ་བཤེར་གནས་ཚུལ་ལ་ལན་སློག་ནས། དགེ་རྒན་གྱི་ཀུན་སྤྱོད་འབུར་ཐོན་གནད་དོན་དང་དགེ་རྒན་གྱི་ཁྲིམས་མཐུན་ཁེ་དབང་གཅིག་གྱུར་ཡོང་བར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།