མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བ་བསྐྲུན་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཉེ་ལམ《མཚོ་བོད་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་བསྐྲུན་པའི་འགུལ་སྐྱོད་ཇུས་གཞི》དཔར་འགྲེམ་བྱས་ཏེ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བ་བསྐྲུན་རྒྱུ་ཡིན་པར་གཏན་འབེབས་གསལ་བོ་བྱས། 

《ཇུས་གཞི》ལྟར་ན། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་ལྗང་མདོག་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་གསར་གཏོད། རི་ཆུ་ནགས་ཞིང་མཚེའུ་དང་བྱེ་ཐང་འཁྱགས་རོམ་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་། སྐྱེ་ཁམས་སྣ་མང་རང་བཞིན་སྲུང་སྐྱོང་སོགས“མཐོ་ས་གསར་བ་བརྒྱད”བསྐྲུན་རྒྱུ་རེད། 《ཇུས་གཞི》ལས་ད་རུང2025ལོར་བསླེབ་དུས། མཚོ་སྔོན་གྱི་ཁྱད་ལྡན་སྐྱེ་ཁམས་དཔལ་ཡོན་མ་ལག་སྔར་ལས་འཐུས་ཚང་དུ་གྱུར་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མ་ལག་རང་བཞིན་དང་ཚད་བརྒལ་རང་བཞིན། མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་ལ། 2035ལོར་བསླེབ་དུས། མཚོ་སྔོན་གྱི་ཁྱད་ལྡན་སྐྱེ་ཁམས་དཔལ་ཡོན་མ་ལག་ཡོངས་སུ་བཙུགས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཕལ་ཆེར་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་གཏན་འབེབས་གསལ་བོ་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།