ཁོང་ཡུང་གིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཙོ་གནད་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཁྲི་ཀ་རྫོང་དང་གཅན་ཚ་རྫོང་། ལི་ཏུའུ་ཆུས་སོགས་སུ་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ལ་ཡུལ་དངོས་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་།

ཁོང་ཡུང་གིས་ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་དང་། ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན་པས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་བཙུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྲུན། ཞིང་ཆེན་ཡོངས་ཀྱི་གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ་བཅས་ནི་མང་ཚོགས་ཀྱི་སྟབས་བདེའི་ཕྱིར་སྐྱོད་ཀྱི་དགོས་མཁོ་སྐོང་ཐུབ་པར་བྱེད་པ་ཞིག་ཡིན་ལ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མཁོ་སྤྲོད་ནུས་པ་མཐོ་རུ་གཏོང་བའི་ལྡོག་མེད་ཀྱི་བྱེད་ཐབས་ཤིག་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུད་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དང་རྒྱབ་སྐྱོར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

ཁོང་ཡུང་གིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཁྲིད་སྟོན་དུ་བྱས་ཏེ། ལམ་དྲའི་གྲུབ་ཆ་མུ་མཐུད་ཇེ་ལེགས་སུ་བཏང་ནས་འགག་རྩའི་ལྷུ་ཚིགས་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་རྫོང་ཁོངས་བགྲོད་ལམ་གྱི་ཚད་གཞི་མཐོ་རུ་གཏོང་བ་དེ་ཤུགས་རྒྱག་སར་བྱས་ཏེ། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་གཏོང་བའི་བཟོ་སྐྲུན་དང་ཟུང་འབྲེལ་གྱིས་ལམ་དྲའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཤར་གཏོང་ཐུབ་པའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ། གསར་དུ་ལས་མགོ་བརྩམས་པའི་རྣམ་གྲངས་ཀྱི་དུས་མགོའི་གྲ་སྒྲིག་དང་འཛུགས་སྐྲུན་ལས་དོན་སྤྱི་འདོམས་ལེགས་པོར་བསྒྲུབ་པ། བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས“བདེ་འཇགས་ཨང་དང་པོ་དང་ཚེ་སྲོག་བླ་ན་མེད་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་གྱི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བར་འགན་ལེན་བྱེད་དགོས། རྣམ་གྲངས་བཟོ་སྐྲུན་གྱི་སྤུས་ཚད་ལ་ཚོད་འཛིན་ནན་མོ་དང་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་ལྟ་སྐུལ་དོ་དམ་ལ་ནན་ཏན་གྱིས་བཟོ་སྐྲུན་གྱི་སྤུས་ཀར་ཤུགས་སྣོན་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་བྱེད་པའི་འདུ་ཤེས་དེ་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། ཚད་གཞི་མཐོན་པོའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་གྱིས་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཐེབས་ཚད་ཉུང་དུ་གཏོང་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།