མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་སྤེལ་འཐབ་ཇུས་དང་། མཉམ་དུ་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་རྣམ་བཤད་གལ་ཆེན། གྲོང་གསེབ་དར་སྤེལ་སྐུལ་འདེད་བཅའ་ཁྲིམས་བཅས་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ནས། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ལ། གཙོ་གནད་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་ངམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཞིན་ཁྲང་ཞིང་གིས་གཏམ་བཤད།

མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཐིན་ཅ་ཚའེ་དང་ཝང་ཡུས་ཡན། ཡུས་ཚུང་ལེ། ཀྲའོ་ཡུའེ་ཞྭ། ལིའུ་ཁྲའོ། ཚེ་རིང་ཐར། ལིས་ཧོང་ཡ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་ཚོགས་འདུར་ཞུགས།

ཚོགས་འདུས་ནན་གྱིས་བསྟན་དོན། གྲོང་གསེབ་དར་སྤེལ་དུ་བཏང་ན་མི་སྣའི་སྐྱེད་སྲིང་ཐད་མ་དངུལ་གཏོང་དགོས། གྲོང་གསེབ་དར་སྤེལ་ལ་ཐོག་མར་མི་དར་སྤེལ་བྱེད་དགོས་པ་དང་། མིར་དངུལ་གཏོང་བྱེད་པའི་དཀྱིལ་སྙིང་ནི་ཞིང་ལས་ལ་དགའ་བ་དང་ལག་རྩལ་ཤེས་པ། ཚོང་གཉེར་ལ་འཇོན་པའི་རྣམ་པ་གསར་བའི་ཆེད་ལས་རོང་འབྲོག་པ་གསོ་སྐྱོང་བྱས་ཏེ། ཞིང་སྡེར་རྐང་ཚུགས་པ་དང་ཞིང་སྡེར་སྣེ་ཁྲིད་པ། ཞིང་སྡེ་དར་སྤེལ་བྱེད་པའི་སྟོབས་ཤུགས་གཙོ་བོ་གསར་སྐྲུན་བྱས་ནས། རོང་འབྲོག་པའི་གཙོ་ཁྲིད་ནུས་པ་སྐུལ་སྤེལ་བྱེད་དགོས། གྲོང་གསེབ་དར་སྤེལ་བྱེད་དགོས་ན་དམངས་ལ་ཕན་ཁེ་སྐྲུན་དགོས། གྲོང་གསེབ་དར་སྤེལ་དེ་རོང་འབྲོག་པའི་བདེ་སྐྱིད་དང་འབྲེལ་བ་ཡོད་ཅིང་། རོང་འབྲོག་པའི་དངོས་པོའི་འཚོ་བར་བསྒྱུར་བཅོས་བྱེད་དགོས་པ་མ་ཟད། རོང་འབྲོག་པའི་བསམ་པའི་འཚོ་བ་ཡང་བསྒྱུར་བཅོས་བྱེད་དགོས་ལ། རོང་འབྲོག་པའི་དགོས་མཁོ་དང་རེ་སྙེག་ལ་དམིགས་དགོས་ཤིང་། མཁར་གྲོང་མཉམ་འདྲེས་ཀྱི་འཕེལ་རྒྱས་ཁྲོད། རོང་འབྲོག་པས་མཛེས་སྡུག་གི་འཚོ་བ་རོལ་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་སྤེལ་བྱེད་དགོས་ན་ལས་གཉེར་ལ་འབད་དགོས། གྲོང་གསེབ་དར་སྤེལ་དེ་ཐོན་ལས་ལ་བརྟེན་དགོས་པ་དང་། ཐོན་ལས་འཕེལ་རྒྱས་ལ་ཁྱད་ཆོས་ཡོད་དགོས་ཤིང་། ངེས་པར་དུ་ས་གནས་ཐོན་ཁུངས་དང་སྡེབ་སྒྲིག་བྱེད་པ་དང་། རྨང་གཞིའི་ཆ་རྐྱེན་དང་མཚམས་དགོས་ལ། རང་སྟེང་གི་དགེ་མཚན་ལ་བརྟེན་ནས། ཡུལ་བབ་དང་བསྟུན་པའི་འཕེལ་རྒྱས་བྱུང་སྟེ། ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་སྤེལ་གྱི་ལམ་བུའི་སྟེང་བསྐྱོད་དགོས། གྲོང་གསེབ་དར་སྤེལ་བྱེད་དགོས་ན་རིག་གནས་དར་རྒྱས་སུ་གཏོང་དགོས། གྲོང་གསེབ་དར་སྤེལ་གྱི་རྩ་བ་དང་སྲོག་རྩ་དེ་རིག་གནས་དར་རྒྱས་དང་འབྲེལ་བ་ཡོད་ཅིང་། གྲོང་གསེབ་ཀྱི་རིག་གནས་རྒྱུ་མང་ཅན་དང་། རིན་ཐང་གིས་སྣེ་ཁྲིད་བྱེད་པ་དེ་ཤིན་ཏུ་གལ་ཆེ་བ་ཡིན། དཔལ་ཡོན་གྱི་ཡུལ་སྲོལ་དང་ཁྱིམ་སྲོལ་ལེགས་པོ། དམངས་སྲོལ་གཙང་མ་གསོ་སྐྱོང་བྱས་ན། གྲོང་གསེབ་དར་སྤེལ་ལག་ལེན་ལ་ད་གཟོད་གསོན་ཤུགས་དང་སྐྱེ་སྟོབས་རྒྱས་ཐུབ། གྲོང་གསེབ་དར་སྤེལ་བྱེད་དགོས་ན་བཅོས་སྐྱོང་བྱེད་དགོས། གྲོང་གསེབ་དར་སྤེལ་བྱེད་པ་དེ་གྲོང་གསེབ་བཅོས་སྐྱོང་དང་བྲལ་ཐབས་མེད་ལ། གྲོང་གསེབ་བཅོས་སྐྱོང་དེ་གཞི་རིམ་རྩ་འཛུགས་དང་ཡང་བྲལ་ཐབས་མེད། རང་སྐྱོང་ཁྲིམས་སྐྱོང་། ཀུན་སྤྱོད་ལེགས་བཅོས་དང་། མཉམ་སྐྲུན་མཉམ་བཅོས་དང་མཉམ་རོལ་ཁྲོད་ནས། བདེ་འཇགས་གྲོང་སྡེ་སྔར་ལས་བདེ་འཇགས་ཡིན་པ་དང་། མཛེས་སྡུག་གི་ཞིང་སྡེ་སྔར་ལས་མཛེས་སྡུག་ཅན་དུ་གཏོང་དགོས་ཞེས་བསྟན། 

གྲོས་ཚོགས་ཀྱིས《ཏང་འཛུགས་དམ་འཛིན་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ》དང《མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་མ་དངུལ་རྗེས་མཐུད་དོ་དམ་སྐོར་གྱི་བསམ་འཆར(ཚོད་ལྟ)》མཚོ་སྔོན་ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་འགུལ་སྐྱོད་འཆར་གཞིར་གྲོས་ཞིབ་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།