ཉའོ་ཁྲིན་ཡོན་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུ་གཞུང་ནུབ་མའི་བཟོ་སྐྲུན་ལས་གཞའི་སྐུལ་སྤེལ་ཚོགས་འདུར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉའོ་ཁྲིན་ཡོན་གྱིས་ཟླ7པའི་ཚེས27ཉིན། འགན་གཙང་ལེན་དང་མཉམ་འབྲེལ་བྱེད་པའི་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུ་གཞུང་ནུབ་མའི་བཟོ་སྐྲུན་རྣམ་གྲངས་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་རྗེས། ཡང་བསྐྱར་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་དང་ཏ་ཐུང་རྫོང་གི་ལས་ཡུལ་དང་པོ་སུ་སོང་ནས་ཞིང་ཁའི་ལེ་ལག་ཚང་བའི་བཟོ་སྐྲུན་ལ་རྟོག་ཞིབ་དང་། ཡུལ་དངོས་སུ་བཟོ་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ལ་གཟིགས་ཞིབ་བྱས་པ་མ་ཟད། ལས་ཡུལ་དངོས་སུ་བཟོ་སྐྲུན་ལས་གཞིའི་སྐུལ་འདེད་ཚོགས་འདུ་འཚོགས།

ཉའོ་ཁྲིན་ཡོན་གྱིས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུ་གཞུང་ནུབ་མའི་བཟོ་སྐྲུན་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། ཙོང་ཆུ་བཞུར་ཁུལ་གྱི་ཆུའི་ཐོན་ཁུངས་ཧ་ཅང་དཀོན་པའི་རྣམ་པ་ཞི་ལྷོད་དུ་གཏོང་བ་དང་། ཙོང་ཆུ་བཞུར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྤེལ་བའི་འཐབ་ཇུས་རང་བཞིན་གྱི་བཟོ་སྐྲུན་ཞིག་དང་། ཞིང་ཆེན་གྱི་མི་དམངས་ལ་ཕན་པའི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པས། དེའི་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་མི་དམངས་ལ་ཐུགས་ཁུར་དང་བརྩེ་སེམས་ཟབ་མོ་འཆང་བ་མཚོན་ཡོད་པ་མ་ཟད། སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འབད་འབུངས་བྱེད་པའི་སེམས་ཤུགས་དང་རྔུལ་ཆུ་འདུས་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་བཟོ་སྐྲུན་ལས་གཞིའི་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་བའི་མཐོ་ཚད་ཀྱི་ངོས་ནས་བཟོ་སྐྲུན་ལས་གཞིའི་འགན་འཁྲིའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་གྱི་བྱེད་ཐབས་ལ་བརྟེན་ནས་བཟོ་སྐྲུན་ལས་གཞི་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ལས་དོན་ཞིབ་འཇུག་ལ་ཤུགས་སྣོན། རྣམ་གྲངས་ལས་བགོས་ཞིབ་ཚགས་སུ་གཏོང་བ། འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ཏེ། བཟོ་སྐྲུན་རྣམ་གྲངས་སོ་སོ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། བདེ་བླག་ངང་སྐུལ་འདེད་གཏོང་བ། བཟོ་སྐྲུན་ལས་གཞིའི་ཁྲོད་ལྷག་པའི་གནད་དོན་དང་དཀའ་ངལ་ཐད་རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ནས་ལུགས་མཐུན་ངང་ཐག་གཅོད་བྱེད་དགོས་པར་བསྟན།

ཉའོ་ཁྲིན་ཡོན་གྱིས་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། “8·14”ཚེ་དར་རྡོ་སོལ་གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་གྱི་བསླབ་བྱ་ཟབ་མོ་བླངས་ནས། འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ་དང་། མཐའ་གཅིག་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ། བདེ་འཇགས་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་འཕྲལ་བསྟུན་དོ་དམ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། བཟོ་སྐྲུན་ལས་གཞི་དེ“བློ་བདེ”བཟོ་སྐྲུན་དང“སེམས་བདེ”བཟོ་སྐྲུན་དུ་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱས་ཏེ། བཟོ་སྐྲུན་རྣམ་གྲངས་དུས་བཅད་ལྟར་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།