མཚོ་སྔོན་ཞིང་ཆེན་གྱིས་རིགས་སོ་སོའི་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར41.86དོན་འཁྱོལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས19ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་ཆུ་བེད་སྡེ་ཁག་གིས་ལས་གཞིའི་རྣམ་གྲངས་འཆར་འགོད་ལ་དམ་འཛིན་དང་། ལས་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ལས་རིགས་ལ་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཆུ་བེད་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་ཕན་འབྲས་གསར་པ་ཐོན་ཡོད། ལོ་སྟོད་དུ་ཁྱོན་རིགས་སོ་སོའི་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར41.86དོན་འཁྱོལ་བྱས།

ད་ལོ་ནས་བཟུང་། རང་རེའི་ཞིང་ཆེན་གྱིས་ཆུ་བེད་འཆར་འགོད་ཀྱི་དུས་མགོའི་བྱ་བར་ཤུགས་སྣོན་དང་། 《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཆུའི་བདེ་འཇགས་འགན་ལེན་འཆར་འགོད》དང་།《“ཀྲུང་ཧྭའི་ཆུ་མཛོད”ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོང་འཆར་འགོད》《རྨ་ཆུ་མཚོ་སྔོན་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆུའི་བདེ་འཇགས་འགན་ལེན་འཆར་འགོད》སོགས་གཙོ་གནད་འཆར་འགོད་བསྟུད་མར་གོང་རིམ་ལ་ཡར་ཞུ་བྱས་ནས་ཆོག་མཆན་འགོད་པར་སྒུག་ཡོད། རྨ་ཆུ་ཟི་ལིང་དུ་འདྲེན་པའི་ལས་གཞིའི་ཞིབ་འཇུག་ཆོག་འཐུས་ཀྱི་སྙན་ཞུ་ཆུ་བེད་པུའུ་ཡི་ཆེད་དོན་གྲོས་ཚོགས་དང་པུའུ་ཡི་ལས་དོན་གྲོས་ཚོགས་ལ་ཞིབ་འཇུག་གྲོས་ཞིབ་བྱེད་པར་ཕུལ་ཡོད་པ་དང་། རྨ་ཆུའི་གཞུང་རྒྱུན་གྱི་འབྲུབ་འགོག་དུས་ཐེངས་གཉིས་པའི་ལས་གཞི་དང་། “གྲམ་ཐང་གསུམ”གྱི་ཆུ་འདྲེན་སྐྱེ་ཁམས་བཅོས་སྐྱོང་ལས་གཞི་སོགས་རྣམ་གྲངས་གལ་ཆེན་གྱི་དུས་མགོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། འཐུང་ཆུའི་བདེ་འཇགས་དང་ཞིང་ཆུ་འདྲེན་ཁུལ་བསྒྱུར་བཀོད། ས་ཆུ་སྲུང་འཛིན་སོགས་ཆེད་དམིགས་འཆར་འགོད་ལ་ཞིབ་བཤེར་ཆོག་མཆན་འགོད་པ་དང་རྣམ་གྲངས་འབྲིང་ཆུང་གི་དུས་མགོའི་བྱ་བར་སྐུལ་སྤེལ་བྱེད་ཚད་ཇེ་མགྱོགས་སུ་བཏང་། དེ་དང་ཆབས་ཅིག་རྨ་ཆུ་ཟི་ལིང་དུ་འདྲེན་པའི་ཆུ་རྐ་ནུབ་མ་དང་ཆུ་རྐ་བྱང་མའི་དུས་ཐེངས་གཉིས་པ། ན་ལིང་ཀེ་ལེ་གཙང་པོ། ཆུ་གསོག་འགག་ཆུ་བེད་ལྟེ་གནས་སོགས་ཆུ་བེད་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་། ཆུའི་འབྱུང་ཁུངས་གཙོ་བོ་དང་ཆུ་བོ་འབྲིང་ཆུང་བཅོས་སྐྱོང་། ཉེན་ཆེའི་ཆུ་མཛོད་ཀྱི་ཉེན་སེལ་བརྟན་བཟོ་ལ་སོགས་པའི་ལས་གཞི་འབྲིང་ཆུང་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།