མཱ་ཝའེ་ཡིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྲོལ་ཡིག་གི་ཆེད་མཁས་དཔྱད་གླེང་ཚོགས་འདུར་མགོ་འཛིན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་མཱ་ཝའེ་ཡིས་མགོ་འཛིན་བྱས་ཏེ་ཆེད་མཁས་པའི་དཔྱད་གླེང་ཚོགས་འདུ་བསྡུས་ནས། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཁྲིམས་འཛུགས་བྱ་བའི་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས།

མཱ་ཝའེ་ཡིས་བསྟན་དོན། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནི་ཡོངས་གྲགས་ཀྱི་ཁྲིམས་འཛུགས་ཐེངས་ཤིག་དང་། སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་གཅིག་འདྲིལ། སྤྱི་ཚོགས་ཀྱི་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་སློག དེ་མིན་སྤུས་ཚད་མཐོ་བའི་བློ་གྲོས་དང་ཤེས་རིག་གཅིག་བསྡུས་བྱེད་པའི་གྲོས་ཚོགས་ཐེངས་ཤིག་ཡིན། ཚོགས་ཞུགས་མི་སྣས་དོན་དངོས་ལ་རྐང་བཙུགས་ནས། གྲ་སྒྲིག་ཏན་ཏིག་དང་ཞིབ་ཀློག་བྱེད་པ་དང་། བསམ་གཞིགས་གཏིང་ཟབ་སྒོས་རིན་ཐང་ལྡན་པའི་བསམ་འཆར་བཏོན། ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཕྱོགས་སོ་སོའི་བསམ་འཆར་ལ་རེ་རེ་བཞིན་ཞིབ་འཇུག་བྱས་ཏེ། བསྡུ་ལེན་བསྒྱུར་བཅོས་བྱ་བ་ལེགས་པོར་སྒྲུབ་ནས། ཕྱོགས་སོ་སོའི་བློ་གྲོས་ཉམས་མྱོང་དེ་ཁྲིམས་སྲོལ་གྱི་ཡིག་ཆའི་ཁྲོད་བཟོ་བཅོས་བྱེད་དགོས།

མཱ་ཝའེ་ཡིས་ནན་གྱིས་བསྟན་དོན། གཟུགས་འདས་ཤུལ་བཞག་ཐོན་ཁུངས་ལ་མི་རིགས་རང་བཞིན་དང་སྣ་མང་མཉམ་འདྲེས་ཀྱི་རང་བཞིན། ས་ཁོངས་བརྒལ་བའི་རང་བཞིན་གྱི་ཁྱད་ཆོས་ལྡན་ལ། མི་དམངས་ཀྱི་བསམ་པའི་རིག་གནས་དགོས་མཁོ་བསྐོང་བ་དང་། དམངས་འཚོའི་བདེ་སྐྱིད་ཡར་སྐུལ་གྱི་ནང་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་ཡིན། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་གྲུབ་པའི་ཕན་ནུས་ལྡན་པའི་ཉམས་མྱོང་བྱེད་སྟངས་བསྡུ་ལེན་བྱས་ནས། ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་དེ་སྣེ་ཁྲིད་དུ་བྱས་ཏེ། སྤྱི་ཚོགས་ཀྱི་ཕན་ཁེ་གོ་གནས་དང་པོར་འཇོག་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བ་དེ་རྒྱལ་ཁབ་ཀྱི་རིན་ཐང་རྩ་དོན་དང་སྤྱི་ཚོགས་ཀྱི་རིན་ཐང་གི་ལྟ་བ། མི་དམངས་ཀྱི་རིན་ཐང་འདུ་ཤེས་དང་མཐུན་པར་བྱེད་དགོས། རྟོག་ཞིབ་ཟིན་ཐོ་དང་འཐུས་ཚབ་རང་བཞིན་གྱི་ལས་གཞི་མིང་ཐོ། རྒྱུན་འཛིན་པ་གསོ་སྐྱོང་། སྲུང་སྐྱོང་བེད་སྤྱོད། རྒྱུན་འཛིན་མྱོང་རོལ། དཔྱད་ཞིབ་གདེང་འཇོག་སོགས་ཀྱི་སྒྲིག་སྲོལ་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། ནུས་ཤུགས་ཡོད་རྒུས་གཟུགས་འདས་ཤུལ་བཞག་ཐོན་ཁུངས་སྲུང་སྐྱོབ་དང་རྒྱུན་འཛིན། བེད་སྤྱོད་ལེགས་པོ་བྱས་ཏེ། འགན་ཁུར་གསལ་བོ་དང་བྱེད་ཐབས་ལ་ནུས་ཤུགས་ཡོད་པ། ལག་བསྟར་སྟབས་བདེ་ཡིན་པ། མི་དམངས་ལ་ཞབས་ཞུ་སྒྲུབ་པའི་ཁྲིམས་སྲོལ་ལམ་ལུགས་གསར་སྐྲུན་བྱས་པ་བརྒྱུད། མི་རིགས་ཀྱི་བསམ་བློའི་ཁྱིམ་གཞིས་དང་རིག་གནས་ཀྱི་ཁྲག་རྒྱུན་ལ་སྲུང་སྐྱོང་བྱེད་པར་ཁྲིམས་སྐྱོང་འགན་སྲུང་མཁོ་འདོན་བྱེད་དགོས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།