གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆུ་འདྲེན་ཚད་ལོ་རེར་ཆ་སྙོམས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བརྒྱ་ལ་ཉེ་བ་ཙམ་འཕར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནམ་གཤིས་དྲོ་བ་དང་བཞའ་ཚན་ཅན་སོགས་ཀྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པས། “ཨེ་ཤེ་ཡའི་ཆུ་མཛོད”ཅེས་བརྗོད་པའི་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཉེ་བའི་ལོ་ཤས་རིང་ཆུ་སྐྱེལ་འདྲེན་བྱེད་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། འདས་པའི་ལོ་ལྔ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་ནས་ཕྱིར་ཆུ་འདྲེན་ཚད་ལོ་རེར་ཆ་སྙོམས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བརྒྱ་ཙམ་གྱིས་ཇེ་མང་དུ་ཕྱིན་པ་དང་། 2020ལོའི་སྤྱིའི་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུངཕྱུར950ལས་བརྒལ་ཡོད།

འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་མགོ་ཁུངས་ཡིན་པའི་གཙང་གསུམ་འབྱུང་ཡུལ་ས་ཁུལ་ནི་རང་རྒྱལ་དང་ཐ་ན་ཨེ་ཤེ་ཡ་ཤར་ལྷོའི་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། ཨེ་ཤེ་ཡའི་གཙང་པོ་དང་ཆུ་བོ་ཆེ་གྲས་མང་ཤོས་གཅིག་བསྡུས་ཆེ་བའི་ས་ཁུལ་ཡང་ཡིན།

མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གིས་གསར་དུ་ཁྱབ་བསྒྲགས་བྱས་པའི《2020ལོའི་མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་སྤྱི་བསྒྲགས》ལས་མངོན་པར། 2020ལོར་མཚོ་སྔོན་ཞིང་ཆེན་ནང་ཁུལ་ནས་རྒྱལ་ཁབ་ཕྱི་རུ་བཞུར་བའི་ཆུ་ཡི་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར954.98ཟིན་པ་དང་། དེ2016ལོ་དང་བསྡུར་ན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར463.58ཀྱིས་ཇེ་མང་དུ་ཕྱིན་ནས། ཉེ་བའི་ལོ་ལྔའི་རིང་ལོ་རེའི་ཆ་སྙོམས་ཆུ་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར92ལྷག་གིས་ཇེ་མང་དུ་ཕྱིན་ཡོད།

“གོ་ལ་ཧྲིལ་བོའི་དྲོད་ཚད་འཕར་བའི་རྒྱབ་ལྗོངས་འོག་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རང་བྱུང་ཁོར་ཡུག་དང་ཆུ་དཔྱད་ཀྱི་རྒྱུ་རྐྱེན་གཙོ་བོའང་འགྱུར་ལྡོག་བྱུང་བཞིན་ཡོད། “2021ལོའི་འབྲི་ཆུའི་ཆུ་འགོའི་ཕྱོགས་བསྡུས་ཚན་རྩལ་རྟོག་དཔྱོད་རུ་མི་མཚོ་སྔོན་ཞིང་ཆེན་ཆུ་དཔྱད་དང་ཆུའི་ཐོན་ཁུངས་ཚད་ལེན་སྙན་ཞུ་ལྟེ་གནས་ཆུའི་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ལི་ཡན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་སྤེལ་བའི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི་མཚོ་སྔོན་ས་ཁོངས་ཀྱི་བཞུར་རྒྱུག་འགྱུར་ལྡོག་སོགས་ཀྱི་ཞིབ་འཇུག་བྱ་གཞིའི་གྲུབ་འབྲས་ལས་མངོན་པ་ལྟར་ན། ཆུ་འགོའི་ས་ཁུལ་གྱིས་ཕྱི་ཕྱོགས་སུ་ཆུ་གཏོང་ཚད་ཇེ་མང་དུ་བཏང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཆར་པ་བབས་ཚད་མང་དུ་ཕྱིན་པ་དང་འཁྱག་རོམ་བཞུ་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་པས་རེད་ཟེར།

འབྲེལ་ཡོད་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་མཚོ་སྔོན་གྱི་ས་ཁོངས་ནས་ཐོན་པའི་ཆུའི་སྤུས་ཚད་ལོ་ངོ་མང་པོར་བསྟུད་མར་རྒྱུན་འཁྱོངས་ལེགས་པོ་བྱུང་ཡོད། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཆུ་མཚོ་དོ་དམ་པའི་སྤྱི་ཕན་ལས་གནས་བཀོད་སྒྲིག་ཁྱབ་གདལ་གཏོང་བ། ས་གནས་དེ་གའི་ཡུལ་མི་རྣམས་གཙང་པོ་དང་མཚེའུ་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་པར་སྐུལ་ལྕག་བྱེད་པ། “ཆུ་འགོའི་འགན་འཁྲི”འཁུར་བ་བཅས་བྱས་ནས“དྭངས་གསལ་གཙང་པོ་ཤར་དུ་འབབ་པར”ཁག་ཐེག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།