སྐོར་ཐེངས20པའི་ཀྲུང་གོའི(མཚོ་སྔོན)ཕྱི་ཕྱོགས་རོགས་སྐྱོར་སྨན་བཅོས་རུ་ཁག་པུ་རུན་ཏིར་བསྐྱོད་དེ་སྐོར་ཐེངས19པ་དང་བདེ་བླག་ངང་རྩིས་སྤྲོད་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཕྱི་ཕྱོགས་རོགས་སྐྱོར་ལས་དོན་གྱི་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མངགས་བཅོལ་ལྟར་སྐོར་ཐེངས20པའི་ཀྲུང་གོའི(མཚོ་སྔོན)པུ་རུན་ཏིར་རོགས་སྐྱོར་སྨན་བཅོས་རུ་ཁག་གི་རུ་མིས་ལོ་གཅིག་ལྷག་གི་ཕྱི་རྒྱལ་གྱི་སྐད་ཡིག་དང་ཕྱོགས་བསྡུས་ནུས་པ་ཆེ་རུ་བཏང་བ་དང་། དེ་བཞིན་འགོས་ནད་འགོག་བཅོས་སོགས་ཆེད་ལས་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད། ཟླ3པའི་ཚེས20ཉིན། ལེ་བར་ཁྲི་ཡི་ཕྱི་རུ་ཡོད་པའི་ཨ་ཧྥེ་རི་ཁའི་དབུས་རྒྱུད་རྒྱལ་ཁབ་པུ་རུན་ཏིར་རུ་བསྐྱོད་ནས། དུས་ཡུན་ལོ་གཅིག་རིང་ཕྱི་ཕྱོགས་རོགས་སྐྱོབ་སྨན་བཅོས་ལས་འགན་བསྒྲུབ་རྒྱུ་ཡིན་པར་མ་ཟད། སྨན་བཅོས་སྐོར་ཐེངས19པ་དང་བདེ་བླག་ངང་རྩིས་སྤྲོད་ལེན་བྱས་པ་རེད།

པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག་སྐོར་ཐེངས19པའི་ཀྲུང་གོའི(མཚོ་སྔོན)པུ་རུན་ཏིར་རོགས་སྐྱོར་སྨན་བཅོས་རུ་ཁག་གིས་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་བ་དང་། སྐོར་ཐེངས་གསུམ་དུ་བགོས་ནས་རང་རྒྱལ་དུ་ཕྱིར་ལོག་ཅིང་། མཐའ་མཇུག་གི་རུ་མི4ད་ལོའི་ཟླ4པའི་ཚེས18ཉིན་པུ་རུན་ཏིར་དང་ཁ་བྲལ་བ་རེད། 1987ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་རྒྱལ་ཁབ་ཀྱི་བླང་བྱ་གཞིར་བཟུང་། པུ་རུན་ཏིར་ལ་རོགས་སྐྱོར་སྨན་བཅོས་རུ་ཁག་མངགས་གཏོང་བྱས་པ་ནས་ད་བར་སྡོམ་རྩིས་བྱས་ན། སྨན་བཅོས་རུ་ཁག་སྐོར་ཐེངས20དང་མི་ཐེངས430བཏང་ནས། ས་གནས་དེ་གའི་སྨན་བཅོས་ཀྱི་སྟོང་ཆ་བསྐངས་ཏེ། ས་གནས་དེ་གའི་སྨན་བཅོས་ཆུ་ཚད་ཇེ་མཐོ་རུ་བཏང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱས་པས། པུ་རུན་ཏིའི་སྲིད་གཞུང་དང་མི་དམངས་ཀྱི་བསྔགས་བརྗོད་ཐོབ་ནས། རང་རྒྱལ་གྱི་ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས། ད་ལོའི་ཟླ2པའི་ཚེས8ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས2020ལོར་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ལས་དོན་བསྒྲུབས་པའི་གནས་ཚུལ་འབུར་དུ་ཐོན་པའི་ཚོགས་པར་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས་པས། མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས19པའི་པུ་རུན་ཏིར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་དེའི་མིང་ཐོའི་ཁྲོད་ཚུད་ཡོད་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།