ཁོང་ཡུང་གིས་མཁར་གྲོང་གི་གཞིས་ཁུལ་རྙིང་བའི་བསྒྱུར་བཀོད་ལས་གཞིར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་མཁར་གྲོང་གི་གཞིས་ཁུལ་རྙིང་བ་བསྒྱུར་བཀོད་ལས་གཞིར་རྟོག་ཞིབ་བྱས།

ཁོང་ཡུང་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཁྱིམ་ཚང་སྡོད་ཁུལ་དང་། ཟི་ལིང་གྲོང་ཁྱེར་བདུན་གཅིག་རྩྭ་སའི་གླིང་གཞིས་ཁུལ། མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་གནའ་མཁར་སྲང་ལམ་ཁུལ་དང་ནོར་སྲིད་ཅུའུ་ཁྱིམ་ཚང་སྡོད་ཁུལ་སོགས་སུ་སོང་ནས། ཡུལ་དངོས་ནས་རྟོག་ཞིབ་དང་དུད་ཁྱིམ་དུ་སོང་ནས་བསམ་འཆར་བསྡུ་ལེན་བྱས་ཤིང་། གཞིས་ཁུལ་རྙིང་བའི་བསྒྱུར་བཀོད་ལས་གཞིའི་སྐུལ་འདེད་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་ཡུང་གིས་བསྟན་དོན། མཁར་གྲོང་རྙིང་བའི་གཞིས་ཁུལ་བསྒྱུར་བཀོད་བྱ་བ་ནི་དམངས་འཚོའི་བཟོ་སྐྲུན་དང་འཕེལ་རྒྱས་བཟོ་སྐྲུན་ཆེན་པོ་ཞིག་ཡིན་ཞིང་། དེ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་ཡོད། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོ་དང་། འགན་འཁྲི་འདུ་ཤེས། ལས་འགན་འདུ་ཤེས་མཐོར་འདེགས་སུ་བཏང་ནས། གཅིག་གྱུར་མཐུན་འགྲིག་ལ་ཤུགས་བསྣན་ཏེ། བྱ་བའི་ཚད་གཞི་མཐོར་འདེགས་དང་སྤུས་ཚད་མཐོ་བའི་སྒོ་ནས་གཞིས་ཁུལ་རྙིང་བའི་བསྒྱུར་བཀོད་བྱ་བར་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་བྱེད་པར་འགན་སྲུང་བྱེད་དགོས་ཞེས་བསྟན། 

ཁོང་ཡུང་གིས་ནན་གྱིས་བསྟན་དོན། མཁར་གྲོང་གི་གཞིས་ཁུལ་རྙིང་བའི་བསྒྱུར་བཀོད་བྱ་བར་སྐུལ་འདེད་བྱེད་པར། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་དང་། སྡོད་དམངས་ཀྱི་འདོད་བློར་བརྩི་མཐོང་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་བསྐོང་དགོས་པ་དང་། ལས་གཞི་གཅིག་གྱུར་ལ་ཤུགས་བསྣན་ནས། ཐོན་ཁུངས་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། གཞིས་ཁུལབསྒྱུར་བཀོད་དང་རྨང་གཞི་སྒྲིག་ཆས་མཐོར་འདེགས་གཉིས་མཉམ་དུ་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་སྤུས་ཚད་མཐོ་བའི་གཞིས་ཁུལ་གསར་སྐྲུན་བྱེད་དགོས། ཡུལ་བབ་དང་བསྟུན་ནས། གད་སྙིགས་རིགས་འབྱེད་གཅིག་གྱུར་སྐུལ་འདེད་དང་། མེ་གསོད་མེ་འགོག་བདེ་འཇགས་སོགས་ཀྱི་བྱ་བར་སྐུལ་འདེད་བཏང་ནས། རིགས་སོ་སོའི་སྐུད་ལམ་ལེགས་བཅོས་ལ་ཤུགས་བསྣན་ཏེ། རྗེས་ཕྱོགས་ཀྱི་སྲུང་སྐྱོང་དོ་དམ་ཤུགས་དྲག་ཏུ་གཏོང་བ་དང་། གཞིས་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ། མ་དངུལ་འགན་སྲུང་ཆེ་རུ་བཏང་སྟེ། བྱ་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་རྙིང་བའི་བསྒྱུར་བཀོད་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།