ཚེ་རིང་ཐར་གྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལས་དོན་ལ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་འབྲེལ་ཡོད་འགན་འཁུར་པ་དང་ཆེད་མཁས་པའི་སྣེ་ཁྲིད་དེ། མཚོ་སྔོན་སློབ་ཆེན་འབྲོག་ལས་ཕྱུགས་རིགས་སྨན་པའི་ཚན་རིག་ཁང་དང་ཞིང་ནགས་ཚན་རིག་ཁང་། མཚོ་སྔོན་ཟུར་གསུམ་མཁར་སོན་ལུག་ར་བ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དང་ཆི་ལེན་རྫོང་། གུང་ཧོ་རྫོང་སོགས་སུ་བསྐྱོད་ནས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་དང་རྒྱུས་ལོན་གནང་བར་མ་ཟད། བཞུགས་མོལ་གྲོས་ཚོགས་འཚོགས་ནས་མགོ་འཛིན་བྱས་པ་དང་། ཁྱབ་ཁོངས་སོ་སོའི་སོན་གསོ་ཆེད་མཁས་པ་དང་དགེ་རྒན་ཆེ་མོ་བས་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་རྒྱ་ཁྱབ་ངང་གསན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ། སྤུས་ལེགས་སོན་རྒྱུའི་ཐོན་ཁུངས་སྐྱེད་སྲིང་དང་ཞིབ་འཇུག་གསར་སྤེལ་བཅས་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱ་ཆེད་སྒུལ་ཤུགས་མཁོ་འདོན་བྱེད་དགོས་པར་ནན་གྱིས་བསྟན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་བཅས་འབྲེལ་ཡོད་རྟོག་ཞིབ་བཞུགས་མོལ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

ཚེ་རིང་ཐར་གྱིས་འདེབས་འཛུགས་ལས་རིགས་ནི་ཞིང་ལས་ཀྱི“སྙིང་བསྡུས”ལྟ་བུ་ཡིན་པས་འབྲུ་རིགས་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས། རྒྱལ་ཁབ་བདེ་འཇགས་བཅས་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སྐོར་གྱི་མཛུབ་སྟོན་གལ་ཆེན་ནི་འདེབས་འཛུགས་ལས་རིགས་ལས་དོན་ལེགས་པར་བསྒྲུབ་པའི་རྩ་བའི་བསྲུང་བྱ་ཞིག་རེད། སྐྱེ་ཁམས་ནི་མཚོ་སྔོན་གྱི་ཆེས་རྩ་ཆེ་བའི་ཐོན་ཁུངས་ཡིན་པ་དང་། འདེབས་འཛུགས་ལས་རིགས་ནི་ཀུན་ལ་ཕན་པའི་ཁེ་ལས་ཤིག་ཡིན། དམིགས་བསལ་གྱི་ས་ཁམས་གནམ་གཤིས་དང་སྐྱེ་ཁམས་ཆ་རྐྱེན་འོག་མཚོ་སྔོན་གྱིས་ཁྱད་ལྡན་འདེབས་འཛུགས་ལས་རིགས་ཀྱི་ལེགས་ཆ་དང་། ཤེས་ལྡན་མི་སྣ། གྲུབ་འབྲས། བྱས་རྗེས་བཅས་ཡོད་ལ་ཧེ་བག་ཀྱང་ཡོད་པས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བར་མདུན་ལམ་ཆེན་པོ་ལྡན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། “ས་གནས་བཞི”འཛུགས་སྐྱོང་ལ་དམ་པོར་དམིགས་པ་དང་། རྩེ་རིམ་ཇུས་འགོད་ཇེ་ལེགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ། འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི་རྣམ་གྲངས་ཡང་དག་པའི་སྒོ་ནས་འདེམས་པ། ཚད་ལྡན་ཅན་གྱི་སོན་འདེབས་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཁེ་ལས་སྣ་ཁ་གསར་པ་ཞིབ་སྤེལ་ཁྱབ་གདལ་ནང་ཞུགས་པར་ཁྲིད་སྟོན་བྱེད་པ། འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་ཤེས་ལྡན་པ་སྐྱེད་སྲིང་བྱེད་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་པ། སྲིད་ཇུས་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་འདེབས་འཛུགས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།