མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་དགེ་ཕན་བཅའ་ཁྲིམས》ཀྱི་ཁྲིམས་བསྟར་ཞིབ་བཤེར་བྱེད་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་ཕན་བཅའ་ཁྲིམས》ལག་བསྟར་ཞིབ་བཤེར་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་། འབྲེལ་ཡོད་ལས་དོན་དངོས་སུ་སྤེལ་མགོ་ཚུགས་པ་རེད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧོང་ཡོན་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། 

ཀྲང་ཧོང་ཡོན་གྱིས་ནན་གྱིས་བསྟན་དོན། དགེ་ཕན་བཅའ་ཁྲིམས་ནི་དགེ་ཕན་ལམ་ལུགས་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་ཤིག་ཡིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དགེ་ཕན་བཅའ་ཁྲིམས་དེ་ད་ལོའི་ལྟ་སྐུལ་ལས་དོན་གྱི་གཙོ་གནད་དུ་བརྩིས་ཡོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ། དམངས་ཆེན་གྱི་འགན་འཁྲི་གཙང་སྒྲུབ་དང་ལྟ་སྐུལ་འགན་ནུས་འདོན་སྤེལ་གྱི་འཛིན་གཞི་གལ་ཆེན་ཞིག་ཀྱང་ཡིན། སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས། ལས་དོན་ཡག་པོར་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་སྟེ། དགེ་ཕན་བྱ་གཞག་སྐྱོན་བྲལ་དང་གོ་རིམ་ལྡན་པ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཁྲིམས་ལྟར་རོགས་རམ་བྱེད་དགོས། དགེ་ཕན་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཡང་བསྐྱར་བྱས་པ་བརྒྱུད། དགེ་ཕན་རིག་གནས་རྒྱུན་མཐུད་ངང་དར་སྤེལ་གཏོང་བ་དང་། དགེ་ཕན་དབུལ་སྐྱོར་དཀའ་སེལ་གྱི་དོན་སྙིང་འདོན་སྤེལ་ཏན་ཏིག་བྱེད་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ནང་ཞུགས་བྱེད་པར་སྐུལ་སློང་བྱས་ཏེ། ཀུན་སྤྱོད་གོང་བཀུར་གྱི་དགེ་ཕན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས། དགེ་སྒྲུབ་བྱ་གཞག་དེ་མཚོ་སྔོན་མཐོ་སྒང་དུ་ཁྱབ་པར་ཐུན་མོང་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ། དགེ་ལས་བཅའ་ཁྲིམས་ནུས་ལྡན་ངང་ལག་ལེན་བསྟར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་ཁྲིམས་ལྟར་དགེ་ཕན་སྒྲུབ་པ་དང་ཁྲིམས་ལྟར་དགེ་ཕན་བཅོས་སྐྱོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།

ཉིན་དེའི་སྔ་དྲོར། ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གིས་ཆེད་དོན་གསོ་སྦྱོང་བྱས་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།