2021ལོའི་མཚོ་སྔོན་ཞིང་ཆེན་གྱི“ཆེས་མཛེས་པའི་ཚན་རྩལ་ལས་སྒྲུབ་པའི”མིང་ཐོ་ཁྱབ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་ཚན་རིག་གི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་གཏོང་བ་དང་། རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པའི་གཟི་བརྗིད་ལྡན་པའི་བསམ་པ་དང་སྤོབས་སེམས། འགན་འཁྲིའི་བསམ་པར་སྐུལ་སྤེལ་བྱ་ཆེད། 《ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། ཀྲུང་གོའི་ཚན་རིག་མཐུན་ཚོགས། ཚན་རྩལ་པུའུ། ཀྲུང་གོའི་ཚན་རིག་གླིང་། ཀྲུང་གོའི་བཟོ་སྐྲུན་གླིང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུའུ་བཅས་ཀྱིས2021ལོའི“ཆེས་མཛེས་པའི་ཚན་རྩལ་ལས་སྒྲུབ་པ”ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་སྐོར་གྱི་བྱ་འགུལ་སྤེལ་བའི་བརྡ་ཐོ》ཡི་བཀོད་སྒྲིག་བླང་བྱ་ལྟར། ཉེ་ཆར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་། མཚོ་སྔོན་ཞིང་ཆེན་རྒྱལ་སྲུང་ཚན་རྩལ་བཟོ་ལས་གཞུང་ལས་ཁང་སོགས་ཀྱིས་མཉམ་འབྲེལ་སྒོས་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་འགུལ་སྤེལ། རྒྱ་ཆེར་སྐུལ་སློང་དང་རིམ་པ་བརྒྱུད་ནས་འོས་སྦྱོར། ཐོབ་ཐང་ཞིབ་བཤེར། ཆེད་མཁས་པས་ཞིབ་དཔྱོད་དང་སྤྱི་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད། བསམ་པའི་དོན་གྲུབ་དང་ཝང་ཧྥ་ཀྲུང་། ཝང་ཀྲེན་ཧའེ། ཧྲི་ཀྲུང་ལུའུ། ཆའོ་ཧྲི་ཞུང་། ཅང་ལེ། ལི་ཅུན་ཆའོ། ཝང་ཡུང་ཧྲོའུ། ཨ་རྒྱ་མཚོ། ཆན་ཚེ་རིང་སོགས་བློ་མཐུན་བཅུ2021ལོའི་མཚོ་སྔོན་ཞིང་ཆེན་གྱི“ཆེས་མཛེས་པའི་ཚན་རྩལ་ལས་སྒྲུབ་པ”ལ་བདམས་པ་རེད།

ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ལས་སྒྲུབ་པས“ཆེས་མཛེས་པའི་ཚན་རྩལ་ལས་སྒྲུབ་པ”མིག་དཔེར་བཟུང་ནས། རྒྱལ་དོན་ཆེན་མོ་དང་ཞིང་ཆེན་གྱི་བྱ་གཞག་ཆེན་མོ་བློ་ཁོག་ཏུ་བཅུག་ནས། འགན་འཁྲིའི་འདུ་ཤེས་དང་དགོས་གཏུགས་ཀྱི་འདུ་ཤེས་མུ་མཐུད་དུ་ཆེ་ཆེར་བསྐྱེད་དེ། དུས་རབས་གསར་བས་བསྩལ་བའི་འགན་འཁྲི་གསར་བ་དང་ལས་འགན་གསར་བ་ཕྲག་ཏུ་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མ་འོངས་བའི་མཚོ་སྔོན་གྱི་འཕེལ་རྒྱས་ལ་བཏོན་པའི“འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་གཏོང་བྱ་ཡུལ་བཅས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོངདགོས”དང“མདོ་དབུས་མཐོ་སྒང་རྒྱལ་ཡོངས་སམ་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་དགོས”ཞེས་པའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཏེ། ཧུར་བརྩོན་གྱིས་བྱ་བ་སྒྲུབ་སྟེ། གཙོ་འགན་ནུས་པ་འདོན་སྤེལ་བྱེད་པ། ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ། སྤོབས་པ་ཆེན་པོས་ཚན་རིག་གི་མཐོ་སར་འཛེགས་ཏེ། དུས་རབས་གསར་བའི་མཚོ་སྔོན་གྱི་ལེའུ་གསར་བར་བྱས་རྗེས་འཇོག་དགོས།   །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།