ལིའུ་ཐོང་ཏི་ཡིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་གྲོས་ཚོགས་སྟེང་ཁྲིམས་ལུགས་སྐོར་ཞིབ་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་དགོས་ཞེས་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག་ཁྲིམས་བསྟར་ཞིབ་བཤེར་གྲོས་ཚོགས་བསྡུས་ཏེ། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གཞན་པའི་དོན་འཁྱོལ་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུ་བྱས་པར་ཉན་པ་དང་། ཁྲིམས་བསྟར་ཞིབ་བཤེར་བྱས་བར་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུན་རིན་གཞོན་པ་ལིའུ་ཐོང་ཏི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་བཅས་དོན་འཁྱོལ་ནན་མོ་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་རང་བྱུང་སྲུང་སྐྱོབ་མ་ལག་སྐྲུན་པར་དམིགས་ནས་ཁྲིམས་ལུགས་སྐོར་ཞིབ་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་ཁྲིམས་ལུགས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།

ལིའུ་ཐོང་ཏི་ཡིས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ས་གནས་རང་བཞིན་གྱི་སྒྲིག་ཁྲིམས་ཐོག་མ་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་འཛུགས་སྐྲུན། དོ་དམ་ལ་སྐུལ་འདེད་གཏོང་བར་ཁྲིམས་ལུགས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས།

ལིའུ་ཐོང་ཏི་ཡིས་ནན་གྱིས་བསྟན་དོན། ཁྲིམས་བསྟར་ཞིབ་བཤེར་དེ་ཁྲིམས་སྲོལ་དང་དམ་དུ་སྦྲེལ་ནས་ཁྲིམས་སྲོལ་ལས་འགན་འབུར་དུ་ཐོན་པར་བྱེད་དགོས་ལ། ཁྲིམས་འགན་ལག་བསྟར་བྱས་ཡོད་མེད་དང་ཁྲིམས་སྲོལ་ལས་འགན་དོན་འཁྱོལ་བྱས་ཡོད་མེད། ཁྲིམས་སྲོལ་ལག་བསྟར་ནུས་པ་མངོན་གསལ་ཡིན་མིན་ལ་ཞིབ་བཤེར་བྱས་ཏེ་ཁྲིམས་སྲོལ་དམ་པོར་བྱེད་དགོས། སྔོན་གྱི་ཉམས་མྱོང་ནུས་ལྡན་གྱི་རྨང་གཞིའི་སྟེང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ཁྱབ་སྒྲོག་སློབ་གསོར་ཤུགས་བསྣན་ནས། ཁྲིམས་བསྟར་ཞིབ་བཤེར་བྱ་བའི་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་དགོས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།