མ་ཝེ་ཡིས་མཚོ་ཤར་གྲོང་ཁྱེར་གྱི་ཁྲིམས་འཛུགས་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུན་རིན་གཞོན་པ་མ་ཝེ་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་ཆུ་དཔོན་མཚོ་དཔོན་ལམ་ལུགས་སྲོལ་ཡིག་ཁྲིམས་འཛུགས་ལ་རྟོག་ཞིབ་བྱས་པ་དང་། བཞུགས་མོལ་གྲོས་ཚོགས་བསྡུས་ནས་བྱ་བའི་སྐུལ་སྤེལ་གནས་ཚུལ་སྙན་ཞུ་བྱས་པར་ཉན་པ་དང་སྲོལ་ཡིག་འཆར་ཟིན་བཟོ་བཅོས་ཐད་བསམ་འཆར་གྲོས་གཞི་བཏོན་པར་མ་ཟད། ཡུལ་དངོས་སུ་སོང་ནས་པའེ་ཧྲིན་གཙང་བོ་དང་ཙོང་ཆུའི་ནུབ་ཁུལ་གྱི་བཅོས་སྐྱོང་གནས་ཚུལ་ལ་ལྟ་ཞིབ་བྱས།

མ་ཝེ་ཡིས་བསྟན་དོན།  ཆུ་དཔོན་ལམ་ལུགས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ལྗང་མདོག་འཕེལ་རྒྱས་འདུ་ཤེས་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་བླང་བྱ་ཡིན་ལ། ཆུ་བཅོས་སྐྱོང་མ་ལག་འཐུས་ཚང་དང་ཆུའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ལམ་ལུགས་གསར་སྐྲུན་བྱས་པ་ཡིན། ཁྲིམས་འཛུགས་བྱ་བས་འཕེལ་རྒྱས་གསར་བའི་འདུ་ཤེས་སྲི་བརྟན་དུ་གཏོང་བ་དང་། ཆུའི་ཐོན་ཁུངས་ལ་སྲུབ་སྐྱོབ་དང་ཆུའི་འབག་བཙོག་བཀག་འགོག ཆུའི་ཁོར་ཡུག་ལེགས་སྒྱུར། ཆུའི་སྐྱེ་ཁམས་སླར་གསོ་བྱེད་པར་དམིགས་ནས་འགན་འཁྲི་གསལ་བོ་དང་ལྟ་རྟོག་དོ་དམ་ནན་འཛིན་བྱས་ཏེ། ཆུ་དང་མཚོའི་ནུས་ལྡན་དོ་དམ་རྐྱེན་སྲོལ་ལ་སྲུང་སྐྱོབ་བྱེད་དགོས་ལ། ཆུ་མཚོའི་བདེ་ཐང་གི་ཚེ་སྲོག་ལ་འགེབ་སྲུང་དང་ཆུ་མཚོའི་བྱེད་ནུས་གཏན་དུ་བྱེད་སྤྱོད་ཐུབ་པའི་ཁྲིམས་སྐྱོང་འགན་སྲུང་མངོན་འགྱུར་བྱེད་དགོས། རིམ་པ་སོ་སོའི་ཆུ་དཔོན་མཚོ་དཔོན་ཀྱི་བྱ་བའི་ལས་འགན་གསལ་བོ་བྱེད་པ་དང་ཆུ་དཔོན་མཚོ་དཔོན་གྱི་ལས་འགན་ཁག་དོན་འཁྱོལ་ནན་མོ་བྱས་ནས་ཁུལ་ཁོངས་བརྒལ་བའི་མཉམ་འབྲེལ་དང་རིམ་པ་གོང་འོག་མཉམ་འགུལ་བྱེད་པ། སྡེ་ཁག་མང་པོས་མཉམ་སྐྱོང་བྱེད་པའི་ཆུ་བཅོས་སྐྱོང་དང་ཆུར་དོ་དམ་བྱེད་པ། ཆུར་སྲུང་སྐྱོབ་བྱེད་པའི་ཆགས་སྟངས་གསར་བ་སྐྲུན་དགོས། དམངས་ཡོངས་ཀྱི་སྐྱེ་ཁམས་དཔལ་འདུ་ཤེས་མཐོར་འདེགས་བཏང་ནས་དམངས་ཡོངས་ཆུ་མཚོའི་སྲུང་སྐྱོབ་དང་བཅོས་སྐྱོང་ཁྲོད་ཟབ་ཞུགས་བྱེད་པའི་སྤྱི་ཚོགས་མཉམ་འགུལ་གྱི་མ་ལག་སྐྲུན་དགོས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།