བདེ་སྐྱིད་བགྲོད་ལམ་སྟེང་གི་གཞན་དོན་བསམ་པའི་ཧྲུའུ་ཅི།

——རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་གི་གནས་ཚུལ་བཀོད་པ།

ཁོས་མང་ཚོགས་སེམས་སུ་བཅངས་ཡོད་ཅིང་མང་ཚོགས་ལ་བློ་གཅིག་སེམས་གཅིག་ཡིན། ནམ་ཡང་གནད་དོན་ལ་བསམ་གཞིག་གཏོང་ཞིང་གནད་དོན་ཐག་གིས་གཅོད་པའི་ལམ་ཁ་རུ་ཡོད་པས།ཁོ་ནི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ཁོང་གི་གཞན་དོན་བསམ་པའི་ཧྲུའུ་ཅི་དེ་ཡིན།

ཁོ་ནི་སྒྲུབ་ཕོད་ལ་ཚོད་ལྟའང་བྱེད་ཕོད་ཅིང་། སྔོན་དུ་སྐྱོད་ཕོད་མཁན་ཞིག་ཀྱང་ཡིན་པས། ཞིང་ཆེན་རིམ་པའི་དབུལ་ཕོངས་རྫོང་དུ་སྤོ་བསྒྱུར་དང་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་ཞིག་བཏོད།

ཁོས་མི་རིགས་ས་ཁུལ་ནས་ཐོག་མར་སྲོལ་ངན་བསྒྱུར་བའི་ལས་དོན་བསྒྲུབས་ཏེ། “བཀག་སྡོམ་གསུམ”གཙོ་ཐིག་ཏུ་འཛིན་བཞིན་གྲོང་གསེབ་བཅོས་སྐྱོང་བྱེད་པའི་ཐད་ནས་ཀོས་ནན་གྱི་མ་དཔེ་བཏོད།

ཁོ་ནི་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུའི་ཧྲུའུ་ཅི་སྟེ་ཀྲང་ཧྥེང་རེད།

དབུལ་ཐར་འགག་སྒྲོལ་གྱི་མགོ་བརྩམས་རྗེས། ཀྲང་ཧྥེང་གིས་ཀོས་ནན་རྫོང་གི་རྫོང་དཔོན་གྱི་འགན་ཁུར་པ་དང་། 2018ལོའི་ཟླ་དང་པོར་ཀོས་ནན་རྫོང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་ལ། 2019ལོའི་ཟླ5པར་མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ་ཡི་འགན་ཁུར་ཞིང་། 2021ལོའི་ཟླ4པར་གུང་ཧོ་རྫོང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།

གཅིག

2013ལོར། རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར། ཁུལ་ཐོག་ནས་ལོ་ངོ་མང་པོར་བྱ་བ་བསྒྲུབས་པའི་ཀྲང་ཧྥེང་ཀོས་ནན་རྫོང་དུ་མངགས་ནས་ལས་འགན་ཁུར། བོད་ཀྱི་ཞབས་བྲོ་དང་བོད་ཀྱི་གཙགས་དྲུབ་ལ་སྙན་གྲགས་ཅུང་ཙམ་ཡོད་མོད། འོན་ཀྱང་ཀོས་ནན་རྫོང་གི་རང་བྱུང་ཁོར་ཡུག་བཀག་སྡོམ་གྱི་ཚུལ་དུ་གནས་ལ།རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ། སྤྱི་ཚོགས་འཚར་ལོངས་ཀྱི་ཚད་རིམ་དམའ་བ་བཅས་ལས་ཞིང་ཆེན་རིམ་པའི་དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང་དུ་གྱུར་ཡོད།

དངོས་ཡོད་གནས་བབ་དེར་གདོང་གཏད་ནས། ཇི་ལྟར་འཕེལ་རྒྱས་སུ་གཏོང་ངམ། གང་ནས་འཕེལ་རྒྱས་སུ་གཏོང་ངམ།

འབྲོག་ཁུལ་ནས་རོང་ཁུལ་བར་དུ། གནས་ཚུལ་ལ་རྒྱུས་ལོན་མ་བྱས་གོང“ཀོས་ནན་མཚར་གསུམ”ནི་ཀྲང་ཧྥེང་གི་མིག་མདུན་དུ་ལྷགས་པའི་དཀའ་གནད་དང་པོར་གྱུར།

“‘ཀོས་ནན་མཚར་གསུམ’ཞེས་པ་ནི་སྐབས་དེར་རྫོང་མཁར་མང་ཚོགས་ཀྱིས་གྲོང་རྡལ་གྱི་ཆུ་འདོན་དང་དྲོད་འདོན། གཞིས་ལས་དོ་དམ་གསུམ་ལ་ཟུར་ཟ་བྱས་པ་ཞིག་རེད། ཚང་མ་རྒྱུན་དུ་འཐུང་ཆུ་ཆད་པ་དང་དྲོད་རླངས་མི་དྲོ་བའི་གནད་དོན་ལ་བསམ་འཆར་ཆེ། ཀྲང་ཧྲུའུ་ཅི་སྐབས་དེར་རྫོང་དཔོན་ཡིན་ལ། ཡུལ་དངོས་སུ་སོང་སྟེ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ཐག་གིས་གཅོད་པའི་བྱེད་ཐབས་བཏོན། ལོ་གཅིག་ཀྱང་མ་འགོར་བར‘མཚར་གསུམ’གྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གིས་བཅད”ཅེས་རྫོང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན་ཟུར་པ་ལི་ཧོང་ལིན་གྱིས་དེ་ལྟར་ཕྱིར་དྲན་བྱས།

ཀྲང་ཧྥེང་ཀོས་ནན་དུ་སླེབས་ནས་ཅང་མ་འགོར་བར་གནད་ཁེལ་དབུལ་སྐྱོར་གྱི་བྱ་བ་སྤེལ་མགོ་བརྩམས། ཀོས་ནན་རྫོང་གི་དབུལ་ཕོངས་རྩ་བ་ནས་སེལ་བའི་ཆེད་དུ། ཁོས་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ཏེ“གཅིག་ཅན་ལྔ”ཡི་དབུལ་ཐར་རིགས་ལམ་བཏོན་པ་སྟེ། “ཁྱིམ་ཚང་གཅིག་ནས་བསམ་ཤེས་གཅིག་སྐྱེད་སྲིང་བྱེད་པ”ཡི་རིག(བློ)སྐྱོར་བྱེད་སྟངས་དང་། “མི་གཅིག་ལ་ཕྱུགས་ཟོག་གཅིག་དང་མི་གཅིག་ལ་ལུག་བཅུ”ཡི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ། “མི་གཅིག་ལས་ཀར་ཚུད་ནས་ཁྱིམ་ཚང་གང་པོ་དབུལ་ཕོངས་ལས་ཐར་བར་བྱེད་པ”ཡི་སྣེ་ཁྲིད་བྱེད་སྟངས། “ཚོང་གཉེར་རྨང་གཞི་གཅིག”གི་མཉམ་ལས་བྱེད་སྟངས། “གཅིག་གིས་གཅིག་ལ་རོགས”བྱེད་པའི་རོགས་སྐྱོར་བྱེད་སྟངས་སོགས་སྤྱད།

2016ལོར། “གཅིག་ཅན་ལྔ”ཡི་གནད་ཁེལ་དབུལ་སྐྱོར་གྱི་བྱེད་སྟངས་ལྟར། ས་ཞིང་སྤྱི་ཆིང2800དང་རང་བྱུང་རྩྭ་ས་སྤྱི་ཆིང68000ལ་བརྟེན་ནས་མང་ར་ཞང་གིས“ཞང་གཅིག་ལ་ཚོང་རྫས་གཅིག མི་གཅིག་ལ་བ་གླང་གཅིག”གི་ཕན་མཐོའི་གསོ་སྤེལ་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་བཏང་།

“‘མི་གཅིག་ལ་ནོར་གཅིག’གི་ཐོན་ལས་འཕེལ་རྒྱས་རྨང་གཞི་བྱེད་པ་དང་། ‘མི་གཅིག་ལ་ནོར་གཅིག’གི་བ་གླང་གསོ་སྤེལ་ཐོན་ལས་གསོ་སྤེལ་དང་འཕེལ་རྒྱས་གཏོང་བ་དེ་རོང་འབྲོག་པའི་དབུལ་ཐར་ཡོང་སྒོ་སྤར་བ་དང་གྲོང་གསེབ་དར་སྤེལ་གཏོང་བའི་འགན་སྲུང་བཀན་མོ་རུ་བརྩིས་ཏེ། མང་ཚོགས་ཀྱི་རེ་འདུན་དང་ཚོང་ཁྲོམ་གྱི་དགོས་མཁོ་ལྟར། ས་ཞིང་དང་རྩྭ་ས། ཁྱིམ་ཚང་ཕྱུགས་ར། གསོ་སྤེལ་མཉམ་ལས་ཁང་བཅས་ཀྱི་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། ཚོགས་སྒྲིལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས”ཞེས་ཀོས་ནན་རྫོང་དུ་ལོ་ངོ་མང་པོར་ཀྲང་ཧྥེང་དང་མཉམ་དུ་བྱ་བ་བསྒྲུབས་པའི་གུང་ཧོ་རྫོང་གི་རྫོང་དཔོན་གཞོན་པ་ཧན་ཧྥུ་ལུང་གིས་གདོང་ལ་འཛུམ་གྱིས་ཁེངས་ནས“གཅིག་ཅན་ལྔ”གླེང་བྱུང་། མང་ར་ཞང་ལ་མཚོན་ནས་བཤད་ན། བ་གླང་གཅིག་ནས་བཅུ་དང་། ཁྱིམ་ཚང1ནས10། དེ་ནས100སོགས་མང་ར་ཞང་ནི་མིང་དོན་གཉིས་མཚུངས་ཀྱི“བ་གླང་གི་ཕ་ས”རུ་གྱུར་ཡོད། བ་གླང་ཁོ་ནར་བརྟེན་ནའང་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི1ལས་བརྒལ།

2018ལོར། ཀོས་ནན་རྫོང་གི་དབུལ་ཕོངས་སྡེ་བ30ཁྱོན་ཡོངས་ནས་དབུལ་ཕོངས་ལས་ཐར་བ་དང་། ཁྱིམ་ཚང2228ཀྱི་དབུལ་ཕོངས་མི་འབོར8700བདེ་བླག་ངང་དབུལ་ཕོངས་ལས་ཐར་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་དམིགས་འབེན་མངོན་འགྱུར་བྱུང་། ལོ་དེར་དབུལ་ཕོངས་རྫོང་ལས་ཐར་བའི་ཕྱོགས་གསུམ་གདེང་འཇོག་རྟོག་ཞིབ་ཁྲོད་དུ་མང་ཚོགས་ཡིད་ཚིམ་ཚད་དང་ཁྱིམ་འབྱོར་ཐོན་ལས་མ་དངུལ་འཛུད་འཇུག་དང་ཐོན་ཚད་ཀྱི་བསྡུར་ཚད་ཞིང་ཆེན་ཡོངས་ཀྱི“ཨང་དང་པོ་ཟུང”ཐོབ།

གཉིས།

ཀོས་ནན་རྫོང་ནི་རྨ་ཆུའི་བཞུར་རྒྱུད་དུ་གནས་ལ། ཡུལ་ཁོངས་སུ་རྨ་ཆུའི་སྤྱིའི་རིང་ཚད་ལ་སྤྱི་ལེ174.58ཡོད་པས། རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གཙོ་བོ་ཡིན་ལ། རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་སྐྱོང་གི་གཙོ་གནད་དཔེ་སྟོན་རྫོང་གི་གྲས་ཀྱང་རེད།

སྐྱེ་ཁམས་དང་འཕེལ་རྒྱས་གཉིས་ལ་རྒྱལ་ཁ་ལེན་འདོད་ན། ཀོས་ནན་རྫོང་གིས་ངེས་པར་དུ་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་ཞིག་རྙེད་དགོས། ཀྲང་ཧྥེང་གིས“རྩྭ་འདེབས་ཕྱུགས་གསོ་དང་སྐྱེ་ཁམས་སྲུང་སྐྱོབ་བྱས་ཏེ། མོ་ཕྱུགས་ཀྱི་བསྡུར་ཚད་མཐོར་འདེགས་དང་ཕྱུགས་ཟོག་གི་འཁོར་རྒྱུག་ཇེ་མགྱོགས་སུ་གཏོང་བ”ཡི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གཙོ་ཁྲིད་བསམ་བློ་བཏོན་ནས། རྩྭའི་ཐོན་ལས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་ཞིང་། ཁྱིམ་ཚང་ཕྱུགས་ར་རགས་དབྱིབས་ཡིན་པའི་མཉམ་ལས་དཔལ་འབྱོར་ཧུར་ཐག་གིས་སྐྱེད་སྲིང་བྱས།

ལོ་ན40སོན་མ་ཐག་པའི་ཆོས་འབུམ་རྒྱལ་ནི་ཐར་ཤུལ་ཞང་ཐར་ཤུལ་སྡེ་བའི་སྡེ་མི་ཡིན། སྔོན་ཆད་ཕྱུགས་གསོ་བ་དང་ཞིང་འདེབས་པ། འདྲུད་འཐེན་འཁོར་ལོ་བསྐོར་བ། གླ་གཏོང་རླངས་འཁོར་རྒྱུག་པ། ཁ་ལོ་བ་བྱས་པ་སོགས་ལོ་ཆེ་རྒྱུ་མེད་རུང་བྱ་བ་མི་ཉུང་བ་བརྗེས་མྱོང་ལ། སྡུག་མི་ཉུང་པ་ཞིག་མྱངས་རུང་སྒོར་མོ་མང་པོ་ཞིག་བཙལ་མ་ཐུབ།

ཁྱིམ་ཚང་ཕྱུགས་རའི་དཔྱིད་རླུང་ཀོས་ནན་རྩྭ་ཐང་དུ་གཡུག་རྗེས། ཆོས་འབུམ་རྒྱལ་གྱིས་ཉེ་འབྲེལ་ཁྱིམ་ཚང4སྐུལ་སློང་བྱས་ཏེ་མཉམ་དུ་གཉེར་སྐྱོང་བྱས་འབྲེལ། སྲིད་གཞུང་གི་རོགས་སྐྱོར་འོག་ཏུ། ཕྱུགས་ཁང་དང་གཟན་རྩྭ་སྦྱོར་བཟོའི་འཁོར་ཁང་ལས་པར་མ་ཟད། ད་རུང་སྨི་གྲུ་བཞི་མ60ཡོད་པའི་གཞུང་ལས་ཁང་ཡང་ལས། ཕྱུགས་ར་བཙུགས་པའི་ལོ་དེར་ཕྱུགས་ཟོག་དང་འོ་མ་བཙོང་སྟེ་ཕྱུགས་རའི་ཡོང་སྒོ་སྒོར་ཁྲི10ལ་སླེབས། 2017ལོར། ཆོས་འབུམ་རྒྱལ་གྱི“ཕྱུགས་ར་ཆུང་ཆུང”དེ་སྤོ་བསྒྱུར་རིམ་འཕར་བྱས་ཏེ། ཀོས་ནན་རྫོང་ཐར་ཤུལ་ཞང་གངས་ལྗོངས་ནོར་གཡང་ཕྱུགས་ལས་ཆེད་ལས་མཉམ་ཁང་དུ་གྱུར། སྔོན་ཆད་ཀྱི་འབྲོག་ཁྱིམ5ཡི་ཚོགས་པ་ཆུང་ཆུང་དེ་སྐད་ཅིག་དེ་ཉིད་ལ་འབྲོག་ཁྱིམ50ཡོད་པའི་ཐུན་མོང་ཆེན་པོ་ཞིག་ཏུ་གྱུར། 2019ལོར་ཞང་དེ་ལས་བརྒལ་ནས་སུམ་མདོ་གྲོང་རྡལ་གྱི་མཉམ་ལས་ཁང2དང་མཉམ་དུ་མཉམ་སྦྲེལ་ཁང་བཙུགས། 2020ལོར། སྡེ་བ་ཡོངས་ཀྱི་འབྲོག་ཁྱིམ་ཚང་མ་མཉམ་ལས་ཁང་དེར་ཞུགས་ཏེ། ཚོགས་སྒྲིལ་གོང་འཕེལ་དང་ལེགས་བསྡུས་ཞིབ་གཉེར་གྱི་འཕེལ་རྒྱས་མངོན་འགྱུར་བྱས།

ཐོན་སྐྱེད་བྱེད་སྟངས་མྱུར་དུ་བསྒྱུར་ན་གཅིག་ནས་རྩྭའི་གནད་དོན་ཐག་གིས་གཅོད་ཐུབ་ལ་གཉིས་ནས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་ཐུབ། ཁྱིམ་ཚང་ཕྱུགས་ར་ཀོས་ནན་རྫོང་གི་འཕེལ་རྒྱས་ཀྱི་མིང་བྱང་གསར་པ་ཞིག་ཏུ་གྱུར་རྗེས། སྐྱེ་ཁམས་འཛུགས་སྐྲུན་དེ“འཛུགས་སྐྲུན་གཙོ་བོ་དང་དོ་དམ་ཕལ་བ”ནས“འཛུགས་སྐྲུན་དང་དོ་དམ་མཉམ་འཛིན་བྱེད་པ”ལ་འགྱུར་བར་རྒྱུན་འཁྱོངས་བྱེད་པའི་ཀྲང་ཧྥེང་གིས་གཙོ་ཁྲིད་བྱས་ནས་ཀོས་ནན་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དོ་དམ་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་ཤིང་། ཞན་འགྱུར་རྩྭ་ས་ནས་ཧུར་བརྩོན་གྱིས་ཕྱུགས་ཟོག་འགོག་པ་དང་། སྡོང་ཕྲུག་འཛུགས་པ་དང་ཆུ་འདྲེན་པ། རྩྭ་འདེབས་པ་གསུམ་ཟུང་དུ་སྦྲེལ་བའི་བྱེད་ཐབས་སྤྱད་ནས། འགོག་གསོ་དང་ལྟ་སྐྱོང་ལག་བསྟར་བྱས་པ་དང་། བྱེ་ཐང་གི་ཕང་བ་རུ་མ་གལ་བཙུགས་ཏེ་ནགས་སྐྲུན་བྱས། བྱེ་སྣ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་དང་ལུང་གཡང་འགག་ཆུ་མཛོད་ཁུལ་ལྷོ་འགྲམ་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དཔེ་སྟོན་ར་བ་གཉིས་བདེ་བླག་གིས་བསྐྲུན་པས། ཀོས་ནན་རྫོང་ལ་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་དཔེ་སྟོན་རྫོང་དང་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ།

གསུམ།

ཐེངས་ཤིག་གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས། ཀྲང་ཧྥེང་གིས་མང་ཚོགས་ཤིག་ལ་གང་འདོད་དུ་ཁ་བརྡ་བྱེད་དུས། མང་ཚོགས་དེའི་བྱིས་པས་སློབ་ཆེན་དུ་རྒྱུགས་མ་འཕྲོད་པ་ཤེས།

“མཐོ་འབྲིང་མཐར་ཕྱིན་ན་བྱ་བ་ཅི་ཞིག་བཙལ་ཐུབ་བམ། ཁྱིམ་ནས་ཕྱུགས་འཚོས་ན་སློབ་གྲྭར་ལོ་འགར་འགྲིམ་པས་སེམས་ཀྱིས་མི་བཟོད་པ་ཞིག་རེད།”

“འོ་ན། མུ་མཐུད་དུ་སློབ་གྲྭར་འགྲིམ་ན་མི་ཆོག་གམ།”

“ལས་རིགས་སློབ་གྲྭ་རུ་ལག་རྩལ་བསླབ་ཏུ་མངག་རྩིས་ཡོད་ལ། ཆེས་ཐག་ཉེ་ས་ཡང་གུང་ཧོ་ན་ཡོད།”

བཤད་མཁན་ལ་དམིགས་ཡུལ་མེད་རུང་ཉན་མཁན་ལ་བསམ་པ་ཡོད་པའི་དཔེ་ལྟར། ཕྱིར་རྫོང་ཐོག་ཏུ་འབྱོར་རུང་ཡུལ་མི་དེས་བཤད་པའི་སྐད་ཆ་དེ་ཀྲང་ཧྥེང་གི་ཀླད་པའི་ནང་དུ་ཡང་ཡང་ཤར། གནས་ཚུལ་ལ་རྒྱུས་ལོན་བྱེད་ཆེད། ཁོས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཆེད་དམིགས་བརྟག་ཞིབ་བྱས་པས། རང་ཉིད་ཀྱིས་རྒྱུས་ལོན་བྱས་པའི་གནས་ཚུལ་གོང་གི་འདི་གཅིག་པུ་མིན་པ་ཤེས། 2015ལོར་རྫོང་ཡོངས་སུ་དམའ་འབྲིང་དང་མཐོ་འབྲིང་ནས་མཐར་ཕྱིན་རྗེས་མུ་མཐུད་དུ་སློབ་གྲྭ་འཕར་མ་ཐུབ་པའི“རྗེས་ལུས་གཉིས་ཀྱི་སློབ་མ”2000ཙམ་ཡོད།

སློབ་མ2000གི་རྒྱབ་ན་ཁྱིམ་ཚང2000ཡོད། ཁོ་ཚོར་ལག་རྩལ་ཞིག་ཡོད་ཚེ་ཁྱིམ་ཚང་ལ་ཕན་ཆེན་པོ་མི་ཐོགས་རུང་མ་མཐའ་ཡང་རང་ཉིད་ཀྱིས་འཚོ་བ་སྐྱིད་པོ་རོལ་ཐུབ། གྲངས་ཀ་འདིར་བལྟས་ནས་བསམ་གཞིག་ཡུན་རིང་དུ་བཏང་བའི་ཀྲང་ཧྥེང་གིས་ཀོས་ནན་རྫོང་ཐོག་ནས་ལས་རིགས་སློབ་གྲྭ་ཞིག་འཛུགས་རྒྱུའི་སེམས་ཐག་བཅད།

“སྐབས་དེར་བགེགས་བར་ཆད་ཡོད་རུང་ངེས་པར་དཀའ་གནད་སེལ་དགོས”ཞེས་ཀྲང་ཧྥེང་གིས་སྲིད་ཇུས་སྣ་ཚོགས་ལ་ཞིབ་འཇུག་བྱས་པ་དང་། ཐེངས་མང་པོར་བརྟག་ཞིབ་དང་རིགས་པས་བསྒྲུབ་ཏུ་བཅུག་པ་དང་། ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་དང་ས་སྟོང་བེད་སྤྱོད་བྱས་ཏེ། 2015ལོའི་ཟླ10པར་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ཀོས་ནན་ཡན་ལག་སློབ་གྲྭ་དངོས་སུ་བཙུགས། ལོ་དེར་ཐང་ག་དང་བོད་ལུགས་རྒྱན་སྤྲས། མི་རིགས་གྱོན་ཆས། བོད་ཀྱི་གཙགས་དྲུབ། རྡོ་བརྐོས་སོགས་ཀྱི་ཆེད་ལས་སློབ་མ149བསྡུས།

ད་ལོར་ལོ་ན30ཡིན་པའི་དབང་མཚོ་སྒྲོལ་མ་ནི་མང་ར་ཞང་ཁུ་ཇོ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཏུ་སྐྱེས། ཕ་མ་གཉིས་ནི་ཞིང་པ་རྣལ་མ་ཡིན་ལ། ཞིང་འདེབས་པ་ནི་བཟའ་མི་བདུན་པོའི་བཟའ་འབྲུ་ཡིན་པར་མ་ཟད། ཁོ་ཚོའི་འཚོ་བ་ཡོད་དོ་ཅོག་གི་འབྱུང་ཁུངས་ཡིན། དམའ་འབྲིང་མཐར་ཕྱིན་རྗེས། ཕ་མ་གཉིས་ལ་སློབ་ཡོན་སྤྲོད་རྒྱུ་མེད་པས་ཁོ་མོ་སློབ་གྲྭར་འགྲོ་མཚམས་བཞག་ནས་སློབ་གྲྭ་འགྲིམ་པའི་གོ་སྐབས་ནུ་བོ་ནུ་མོར་སྤྲོད་རྒྱུ་ཐག་གིས་བཅད།

2015ལོར། རྫོང་ཐོག་ནས་ལས་རིགས་སློབ་གྲྭ་ཞིག་གསར་དུ་བཙུགས་ཡོད་པ་ཤེས་རྗེས། ཆུང་དུས་ནས་གྱོན་ཆས་ཇུས་འགོད་ལ་དགའ་བའི་དབང་མཚོ་སྒྲོལ་མས་མིང་ཐོ་བཀོད། ལོ་ངོ་གསུམ་ལ་གྱོན་ཆས་ཇུས་འགོད་སྦྱངས་རྗེས། ད་ལྟ་ཁོ་མོས་རྫོང་མཁར་དུ་གཞི་ཁྱོན་ཅུང་ཆེ་བའི་གྱོན་ཆས་ཚོང་ཁང་ཞིག་གཉེར་བཞིན་ཡོད་པར་མ་ཟད། ད་རུང་མནའ་འབྲེལ་གྱི་རྣམ་པས་སྔ་གཞུག་ཏུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་སོགས་ཀྱི་ས་ཆ་ནས་ཡན་ལག་ཚོང་ཁང8ཕྱེས་ལ། མཐའ་འཁོར་གྱི་ཞིང་སྡེའི་བུད་མེད་བཅུ་ཕྲག་ཅིག་ལ་ཁྱིམ་ཚང་གི་སྒོ་ཁ་ནས་སྒོར་མོ་བཙལ་བའི་གོ་སྐབས་བསྩལ་བ་དང་། ད་རུང་དབུལ་ཕོངས་ཁྱིམ་ཚང14ཡི་ལས་ཞུགས་ལ་སྣེ་ཁྲིད་བྱས།

དབང་མཚོ་སྒྲོལ་མ་དང་འདྲ་བར། ཀོས་ནན་རྫོང་དུ་ཁུལ་ལས་རིགས་སློབ་གྲྭའི་ཡན་ལག་སློབ་གྲྭ་བཙུགས་པའི་ཚུན་དུ། རིམ་བསགས་ཀྱིས“རྗེས་ལུས་གཉིས་ཀྱི་སློབ་མ”1254བསྡུས་ནས་ལས་རིགས་གསར་པའི་རོང་འབྲོག་པ་མི1408སྐྱེད་སྲིང་བྱས།

བཞི།

“མནའ་མའི་རྒྱུ་རིན་སྟེར་བ་དང་བག་ལྭ་ཉོ་བ། སྟོན་མོ་བཤམས་པ་སོགས་གཉེན་སྒྲིག་གི་གོ་རིམ་ཧྲིལ་པོར་སྒོར་ཁྲི3ཙམ་ལས་མ་བཀོལ”དོན་གྲུབ་ཚེ་རིང་གིས་ལོ་འགའི་སྔོན་ལ་མནའ་མ་བླངས་པའི་གནས་ཚུལ་གླེང་དུས་སེམས་འགུལ་ཐེབས་ནས་བཤད་པ་དང་། “ད་ལྟ་མནའ་མ་བླངས་ན་འགན་འཁུར་མང་པོ་ཞིག་ཇེ་ཡང་དུ་གྱུར་ཡོད།”

དོན་གྲུབ་ཚེ་རིང་ཚང་ཡོད་སའི་ཐར་ཤུལ་ཞང་ཐར་ཤུལ་སྡེ་བ་ནི་བོད་རིགས་སྡེ་བ་ཞིག་ཡིན་ལ། མི་སུ་ཞིག་གི་སེམས་སུའང་མི་དྲན་པ་ཞིག་ལ། ལོ་འགའི་སྔོན་དུ། སྡེ་བ་འདིའི་སྡེ་མི་རྣམས་ལ་སེམས་ཁྲལ་ཆེ་བའི་དོན་ཞིག་ཡོད་པ་ནི་མནའ་མ་ལེན་ཐབས་བྲལ་བ་དེ་རེད།

“ང་ཚོ་ཚང་མས་ཐབས་བརྒྱ་ཇུས་སྟོང་གིས་དབུལ་ཕོངས་ལས་ཐར་དུ་བཅུག་པ་ཡིན་རུང་། མནའ་མ་ལེན་ཐེངས་གཅིག་གིས་མ་གཞི་ནས་ཕྱུག་པོ་མིན་པའི་ཁྱིམ་ཚང་དོམ་འོག་ཏུ་ལྷུང་སྟེ་དབུལ་ཕོངས་ཁྱིམ་ཚང་དུ་འགྱུར་བཞིན་ཡོད། འདི་ནི་ཅི་འདྲའི་སྐྱོ་དགོས་པའི་དོན་ཞིག་རེད།”ཡུལ་མི་རྣམས་ཀྱི་འཁང་ར་དེ་ཀྲང་ཧྥེང་གི་སེམས་གཏིང་གི་ཁུར་པོར་གྱུར།

དམངས་ཁྲོད་ཀྱི་ཡུལ་སྲོལ་ལ་གཞིར་འཛིན་ས་མེད་པས། ཇི་ལྟར་བཅོས་སྐྱོང་བྱེད་དགོས་སམ།

བསམ་གཞིག་གི་ཁྲོད་དུ། “སྡེ་མིས་རང་སྐྱོང་བྱ”རྒྱུ་དེ་ཀྲང་ཧྥེང་གི་ཀླད་པའི་ནང་དུ་འཁོར། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་ཁོ་རང་མྱུར་དུ་འགུལ་སྐྱོད་བྱས། སྡེ་བ་བཅུ་ཕྲག་ཅིག་ལ་བརྒྱུགས་ཏེ་བཞུགས་མོལ་གྲོས་བསྡུར་བྱས་པ་དང་། ཐར་ཤུལ་སྡེ་བ་ཚོད་ལྟའི་སྡེ་བར་བདམས་ནས། མང་ཚོགས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། “ནན་འགོག་ལྔ་དང་དམ་བཅའ་གཅིག”གི་སྡེ་སྲོལ་དམངས་ཆིངས་གཏན་འབེབས་བྱས། བདེ་བླག་བྱུང་རྗེས་རིམ་བཞིན་ཞང་ཡོངས་དང་རྫོང་ཡོངས་ལ་ཁྱབ་གདལ་བྱས། དེར་མ་ཟད་བྱེད་ཐབས་དེར་གཞིས་དམངས་སྤྱི་ཆིངས་སོགས་ཀྱི་རང་སྐྱོང་བྱེད་ཐབས་བྱུང་བ་དང་། ཞིང་ཆེན་ཡོངས་ནས་ཐོག་མར《སྲོལ་ངན་བསྒྱུར་ནས་དཔལ་ཡོན་སྲོལ་བཟང་སྤེལ་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》གཏན་འབེབས་བྱས་ཏེ་བཏོན་པས། འདས་མཆོད་དང་གཉེན་སྒྲིག་གི་འགྲན་སྡུར་སྲོལ་ངན་ཕན་ལྡན་སྒོས་བཀག་སྟེ་མང་ཚོགས་ཀྱི་ཁུར་བོ་དངོས་གནས་ཇེ་ཡང་དུ་བཏང་།

“དོན་དག་ཆུང་ཆུང”གིས“ཁོར་ཡུག་ཆེན་པོ”བསྒྱུར་ཐུབ།

2019ལོར། ཀོས་ནན་རྫོང་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་ཀྱི་ཞིང་སྡེ་བཅོས་སྐྱོང་མ་ལག་གི་ཚོད་ལྟའི་དཔེ་སྟོན་རྫོང་ཁོ་ནར་གྱུར། ཀྲང་ཧྥེང་གིས་དངོས་སུ་མགོ་འཛིན་བྱས་ཏེ། “ལྟེ་གནས་གཅིག་དང་བཅོས་སྐྱོང་གསུམ+ཀོས་ནན་གྱི་ཁྱད་ཆོས”ཀྱི་གྲོང་གསེབ་བཅོས་སྐྱོང་གི་སྒྲོམ་གཞི་མ་ལག་ཞིབ་འཇུག་གཏན་འབེབས་བྱས་པ་དང་། ཀོས་ནན་གྱི་གཞི་རིམ་བཅོས་སྐྱོང་གི་ཉམས་མྱོང་ཚང་མ་སྤྱི་སྡོམ་དང་བཅུད་ལེན་བྱས་ཏེ་དེའི་ཁྲོད་དུ་བཞག་པ་དང་། ཐར་ཤུལ་ཞང་གི“7531”གི་བྱ་བ་སྒྲུབ་ཐབས་དཔེ་གཞིར་བརྩིས་ནས། གྲོང་གསེབ་བཅོས་སྐྱོང་གི་ཀོས་ནན་མ་དཔེ་བསྐྲུན།

སྐབས་དེར་ཀོས་ནན་རྫོང་གི་རྫོང་དཔོན་གཞོན་པའི་འགན་འཁུར་ཡོད་པའི་སྐལ་བཟང་ཚེ་རིང་གི་སེམས་སུ་ཀྲང་ཧྥེང་ལ་སྤོབས་པ་ཆེ་བར་མ་ཟད་ཁྱད་ཆོས་གཞན་པ་ཡང་ཡོད་པར་འདོད་པ་སྟེ།

“མི་བཀོལ་སྤྱོད་བྱེད་པའི་ཕྱོགས་ནས་ཀྲང་ཧྲུའུ་ཅི་ཡིས་དོན་དངོས་སྒྲུབ་པ་གཙོ་བོ་དང་ཕན་དངོས་ལེན་པ་གཙོ་བོར་འཛིན་པའི་མི་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་དར་སྤེལ་བྱས་པ་རེད། ཉེ་བའི་ལོ་འགའི་རིང་ལ་དབུལ་ཐར་འགག་སྒྲོལ་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་འགན་ལྕི་མོ་ཁུར་བའི་ཁྲོད་དུ་སྡུག་ཆེན་པོ་མྱངས་ཤིང་བྱས་རྗེས་ཆེན་པོ་བཞག་པའི་ཞང་དང་གྲོང་རྡལ་དྲུག་གི་ཏང་ཨུའི་ཧྲུའུ་ཅི་ཚང་མ་རིམ་པ་གོང་མའི་མགོ་ཁྲིད་ལས་རྐང་དུ་འོས་སྦྱོར་བྱས། ལྷག་པར་དུ་མང་ཆུ་གྲོང་རྡལ་ན་རན་སྡེ་བའི་ཧྲུའུ་ཅི་དང་པོ་དབང་ཕྱུག་དམིགས་བསལ་གྱིས་ཞང་ཏང་ཨུའི་ཧྲུའུ་ཅི་ལ་བསྐོ་འཇོག་བྱས་རྗེས། སྤྱི་ཚོགས་སྟེང་དུ་ཚུར་སྣང་དྲག་པོ་བྱུང་། 2018ལོར། ཡོངས་བསྒྲགས་སྒོས་ན་གཞོན་ལས་བྱེད་པ15འདེམ་བསྐོ་བྱས་པས། ང་ཚོ་ཀོས་ནན་རྫོང་ལ‘ལོ་རབས90’ཡི་རྗེས་སུ་སྐྱེས་པའི་ཁའོ་རིམ་པའི་ལས་བྱེད་པ་མེད་པའི་སྣང་ཚུལ་གཏོར།”

“མ་འོངས་པའི་ལོ་ངོ་ལྔ་ནི་གུང་ཧོ་རྫོང་ལ་མཚོན་ན་ནུས་པ་འདོན་ས་ཡོད་པ་དང་ནུས་པ་འདོན་འོས་པ།ངེས་པར་བྱས་རྗེས་འཇོག་དགོས་པ་བཅས་ཀྱི་ལོ་ལྔ་ཡིན།”“གུང་ཧོ་གཞོངས་ས”ཡི་ཡུལ་ཁོངས་ལྟེ་གནས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་འགན་འཁུར་ལྕི་མོར་དམིགས་ནས་ཀྲང་ཧྥེང་གིས་རང་ཉིད་ཀྱི་འཆར་གཞི་གླེང་བ་སྟེ། “ཆེ་བསྟོད་མི་བྱེད་ཅིང་འབྲས་མེད་ཀྱི་སྡུག་མི་མྱངས། ལོ་གཅིག་གི་རྗེས་ལ་ལོ་གཅིག་མཐུད་ནས་འཆར་གཞིའི་རི་མོ་འབྲི་ཡག་བྱས་ཏེ། བསྒྲུབས་པའི་བྱ་བ་རེ་རེ་མ་འོངས་ཡུན་རིང་ལ་ཕན་ཞིང་རྨང་གཞི་འཇོག་པ། རྒྱུན་མཐུད་དུ་འཕེལ་བར་ཁག་ཐེག་བྱས་ནས་ལོ་རྒྱུས་དང་ལག་ལེན་གྱི་ཚོད་བགམ་ཐེག་ཏུ་འཇུག་པ་དང་། སྤྱད་པའི་བྱེད་ཐབས་ཚང་མར་སྒྲིག་ལམ་ཡོད་པ་དང་ངེས་ཤུགས་ཡོད་པ། སྤུས་ཚད་ཡོད་པར་ཁག་ཐེག་བྱས་ཏེ། མགོ་མཇུག་ཚང་བ་ཞིག་བྱེད་རྒྱུ་ཡིན། །”

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།