རྨ་ཆུའི་བཞུར་རྒྱུན་གྱི་ཆུ་ལོག་འགོག་བཅོས་བཟོ་སྐྲུན་དུས་རིམ་གཉིས་པས་རྨ་ཆུའི་བཞུར་རྒྱུན་དང་ཡན་ལག་བཞུར་རྒྱུན་ལ་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་བཞུར་རྒྱུན་གྱི་ཆུ་ལོག་འགོག་བཅོས་བཟོ་སྐྲུན་དུས་རིམ་དང་པོ་བདེ་བླག་ངང་མཇུག་བསྡུ་བ་དང་བསྟུན་ནས། བཟོ་སྐྲུན་དེའི་དུས་རིམ་གཉིས་པར་ཧུར་ཐག་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཐོག་མའི་ཞིབ་འཇུག་མ་ཟིན་ལེགས་འགྲུབ་བྱས་པ་དང་། རྨ་ཆུའི་བཞུར་རྒྱུན་དང་ཡན་ལག་བཞུར་རྒྱུན་གཙོ་གནད་དུ་བཟུང་སྟེ་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་རྨ་ཆུའི་བཞུར་རྒྱུན་གྱི་ཆུ་ལོག་འགོག་བཅོས་བཟོ་སྐྲུན་གྱི་དུས་རིམ་དང་པོ་མགོ་རྩོམ་ས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་། མཇུག་སྣེ་ནི་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཅི་ཧྲི་འགག་བར་མཚམས་ཡིན་ཞིང་། རྨ་ཆུའི་ཆུ་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ1450ཡོད་ཅིང་། ལས་གཞི་འཛུགས་སྐྲུན་དེ་རྫོང15ཁྱབ་པ་དང། རྨ་ཆུའི་བཞུར་རྒྱུན་དང་ཡན་ལག་ཆུ་རྐ་སྤྱི་ལེ153ལ་བཅོས་སྐྱོང་བྱས་ལ་ཆུ་ལོག་འགོག་བཅོས་བཟོ་སྐྲུན73བཀོད་སྒྲིག་བྱས་ཏེ་སྤྱིའི་རིང་ཚད་ལ་སྤྱི་ལེ180.9ཡོད། ད་ལྟའི་བར་དུ། བཟོ་སྐྲུན་གྱིས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱས་ཟིན་པ་དང་། འཆར་གཞི་ལྟར་ན་ད་ལོའི་ཟླ10བའི་ཟླ་སྨད་དུ་ལེགས་འགྲུབ་བྱས་ཏེ་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་རེད། བཟོ་སྐྲུན་གྱིས་མི་གྲངས་ཁྲི7.57ལ་སླེབས་པ་དང་། རྨོ་ཞིང་སྤྱི་ཆིང2540དང་ནགས་ས་སྤྱི་ཆིང1253.33། རྩྭ་ས་སྤྱི་ཆིང2180། གཞུང་ལམ་སྤྱི་ལེ56དང་འགོག་སྲུང་འདྲེན་གཏོང་ས་ཚིགས28ལ་སྲུང་སྐྱོབ་བྱས་ཏེ་ཕན་འབྲས་མངོན་གསལ་ཡིན། 

ཤེས་གསལ་བྱུང་བ་ལྟར་ན། རྨ་ཆུའི་ཡན་ལག་བཞུར་རྒྱུན་གྱི་ཆུ་ལོག་འགོག་བཅོས་བཟོ་སྐྲུན་དུས་རིམ་དང་པོའི་ལག་བསྟར་གནས་ཚུལ་དང་ཟུང་འབྲེལ་སྒོས་རྨ་ཆུའི་ཡན་ལག་བཞུར་རྒྱུན་གྱི་ཆུ་ལོག་འགོག་བཅོས་བཟོ་སྐྲུན་གྱི་དུས་རིམ་གཉིས་པའི་ནང་དོན་གཙོ་བོ་ལ་ཡན་ལག་བཞུར་རྒྱུན་གྱི་ཁ་གསབ་འགོག་སྲུང་དང་མཐོར་འདེགས། ཡན་ལག་ཆུ་རྐའི་བཅོས་སྐྱོང་། ཆུ་ལོག་འགོག་བཅོས་ཆུ་རྐ་གཙང་སེལ། སྐྱེ་ཁམས་བཅོས་སྐྱོང་བཅས་འདུ། 

འཆར་འགོད་ཁྱབ་ཁོངས་ཀྱི་རྨ་ཆུའི་ཡན་ལག་བཞུར་རྒྱུན་འགྲམ་རྒྱུད་ཀྱི་ཁུལ4དང(གྲོང་ཁྱེར)རྫོང14ཤང་གྲོང36ལ་ཆུ་ལོག་འགོག་བཅོས་ཀྱི་བཟོ་འགོད155བཀོད་སྒྲིག་བྱས་ཡོད་ལ། ལས་འགན་གཙོ་བོ་ནི་རྨ་ཆུའི་བཞུར་རྒྱུན་དང་ཡན་ལག་བཞུར་རྒྱུན་གྱི་གནས་བབ་དང་། དེའི་གནད་དོན། དེ་མིན་བཟོ་སྐྲུན་གྱི་དུས་རིམ་དང་པོ་ལག་བསྟར་གནས་ཚུལ་དང་རྟགས་ཚད་ལོངས་མཚམས་ཀྱི་དབྱེ་ཞིབ་ལ་དམིགས་ཡོད་ཅིང་།རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་བཀོད་སྒྲིག་དང་བླང་བྱ་ལྟར། མཚོ་སྔོན་མཚམས་ཀྱི་རྨ་ཆུའི་བཞུར་རྒྱུན་དང་ཡན་ལག་བཞུར་རྒྱུན་ལ་ཁྱོན་ཡོངས་ནས་བཅོས་སྐྱོང་ནུས་ལྡན་བྱས་ཏེ། མཚོ་སྔོན་མཚམས་ཀྱི་རྨ་ཆུའི་སྟོད་རྒྱུད་ཀྱི་ས་ཁུལ་གྱི་ཆུའི་ཐོན་ཁུངས་གསོག་ཉར་མཐོར་འདེགས་སུ་བཏང་སྟེ། མཚོ་སྔོན་མཚམས་ཀྱི་རྨ་ཆུའི་དབུས་རྒྱུད་ས་ཁུལ་གྱི་ས་ཆུ་ནུས་པ་ཤོར་བ་ཇེ་ཉུང་དུ་གཏོང་བ་དང་། མཚོ་སྔོན་མཚམས་ཀྱི་རྨ་ཆུའི་སྨད་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གནས་བབ་ལེགས་བཅོས་བྱས་ཏེ། རྨ་ཆུའི་བཞུར་ཁོངས་ཀྱི་ཆུ་ལོག་འགོག་བཅོས་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།