ཞིང་ཆེན་ཡོངས་ཀྱི་སྨན་པར་སྐུར་བའི་འཚམས་འདྲིའི་ཡི་གེ

ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་སྨན་པ་རྣམ་པ།

ཚང་མ་སྐུ་ཁམས་བཟང་། 

“ཏང་གི་ལོ་བརྒྱའི་འཁྲུངས་སྐར་དང་མཉམ་དུ་ཕུགས་འདུན་འཚོལ། སྨན་བཅོས་མི་སྣས་དཀའ་ངལ་ཕྲག་ཏུ་བླངས་ནས་ཐོག་མའི་བསམ་འདུན་རྙེད།” འབྲས་བུ་གཡར་ཏུ་ཟ་བའི་རྫོགས་ལྡན་སྟོན་གྱི་དུས་འདིར། ང་ཚོས་དགའ་སྤྲོའི་ངང་ཀྲུང་གོའི་སྨན་པའི་ དུས་ཆེན་ཐེངས་བཞི་པ་བསུ། འདིར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་བྱས་རྗེས་བླ་མེད་བཞག་པའི་སྨན་པ་ཚོར་དུས་ཆེན་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་བའི་དུས་མཚུངས་སུ། འཁང་སེམས་ཅི་ཡང་མེད་པར་བྱ་གཞག་འདིར་རྒྱབ་སྐྱོར་བྱེད་མཁན་གྱི་ཁྱིམ་མི་རྣམ་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་བཀའ་དྲིན་ཞུ། 

“ཀྲུང་གོའི་སྨན་པའི་དུས་ཆེན”གཏན་འཁེལ་བྱས་པ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་། རྒྱ་ཆེའི་འཕྲོད་བསྟེན་བདེ་ཐང་ལས་དོན་པར་བྱམས་བརྩེའི་ཐུགས་ཁུར་གནང་བ། རྒྱ་ཆེའི་སྨན་པར་བརྩི་འཇོག་དང་གཅེས་སྐྱོང་། སྐུལ་ལྕག་བཅས་བྱེད་པ་མངོན་པར་མཚོན་ཡོད། ཉེ་བའི་ལོ་འགའི་རིང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་སྨན་བཅོས་ལས་བྱེད་མི་སྣས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། སྨན་བཅོས་སྲོག་སྐྱོབ། བདེ་ཐང་ཁམས་གསོ། འགོས་ནད་སྔོན་འགོག བདེ་ཐང་དབུལ་སྐྱོར་དང་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དུ་སྨན་བཅོས་རོགས་སྐྱོར་བྱེད་པ་སོགས་ཀྱི་འཐབ་ཕྱོགས་སོ་སོ་རུ་བརྩེ་སེམས་དང་རྔུལ་ཆུ་མང་པོ་བཏོན་ནས་ལྷག་བསམ་དང་། འགན་འཁྲི་མངོན་པར་མཚོན་ལ། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་མུ་མཐུད་དུ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བྱས་རྗེས་བླ་མེད་བཞག་ཡོད་པ་མ་ཟད། ལྷག་པར་དུ་རིམས་ནད་ཚབས་ཆེན་གྱི་ཉེན་ཁར་ཁ་གཏོད་པ་དང་རང་བྱུང་གནོད་འཚེ་ཚབས་ཆེན་ལ་འགོག་རྒོལ་བྱེད་པ་སོགས་ཐོལ་བྱུང་གི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་གལ་ཆེན་གྱི་ཉེན་ཁར་འཕྲད་ཀྱང་སྐྲག་སྣང་མེད་པ་དང་ཕྱིར་བཤོལ་མི་བྱེད་པ། མདུན་སྐྱོད་བྱེད་ཕོད་པ་བཅས་བྱས་ཏེ་རྩེར་སོན་གྱི་སྨན་བཅོས་ལག་རྩལ་དང་བླ་ན་མེད་པའི་སྨན་པའི་ཀུན་སྤྱོད་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་པ་ནི“བདེ་ཐང་སྐུ་སྲུང་མཁན”དང“གོས་དཀར་ལྷ་མོའི”ཆོ་ལོ་ལ་ངོ་གནོང་མི་དགོས་པ་ཞིག་རེད། 

སྨན་པས་མི་ཡུལ་ལ་བྱམས་སེམས་བཅངས་ནས་ནད་བཅོས་སྲོག་སྐྱོབ་ཀྱི་འགན་འཁྲི་བླ་ན་མེད་པ་ཁུར་ཡོད་ཅིང་། དེས་མི་དམངས་མང་ཚོགས་ཀྱི་རེ་བ་དང་མངག་བཅོལ་གལ་ཆེན་འགན་དུ་བླངས་ཡོད་ལ། རྒྱུན་ལྡན་ཡིན་ཡང་རླབས་ཆེ་བ་དང་དཀའ་ཚེགས་ཆེ་རུང་གཟི་བརྗིད་ལྡན། མིག་སྔར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་བ་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་འགན་ལྕི་ལ་ལམ་ཐག་རིང་། ཕྱོགས་བསྡུས་སྨན་བཅོས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་གནད་འགག་གི་དུས་རིམ་དུ་སླེབས་ཡོད་པས།  གཞུང་གཉེར་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱང་དུས་རིམ་གལ་ཆེན་ཞིག་ལ་ཐོན་ཡོད། སྨན་པ་ཞིག་ཡིན་པའི་ཆ་ནས་ཕྲག་ཏུ་འཁུར་བའི་ལས་འགན་དཀའ་ཚེགས་ཆེ་བ་དང་ལས་འགན་གཟི་བརྗིད་ལྡན་ལ་འགན་འཁྲི་ཧ་ཅང་ལྗིད་བ་ཡིན། རེ་བ་ཡིན་ན་ཁྱེད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲོད་བསྟེན་བདེ་ཐང་ལས་དོན་ཐད་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ”ཞེས་པའི་སློབ་སྟོན་དང“མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་འཇོག་དགོས་”ཞེས་པའི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་ཡིད་ལ་བརྟན་པོར་བཅངས་ནས། ནུས་ཤུགས་ཡོད་ཚད་ཀྱིས་རིམས་ནད་སྔོན་འགོག་གི་སྙིང་སྟོབས་རླབས་པོ་ཆེ་དང་ལས་རིགས་ཀྱི་སྙིང་སྟོབས་བླ་ན་མེད་པ་དར་སྤེལ་བཏང་སྟེ། ཀྲུང་གོའི་སྨན་པའི་དམ་ཚིག་ནན་ཏན་སྒོས་ལག་ལེན་བྱེད་དགོས་པ་དང་། རྗེས་ཕྱོགས་ཀྱི་ལས་ཀའི་ཁྲོད་སྤྱོད་ཡོན་གཉིས་ལྡན་ཡོང་བར་རྒྱུན་འཁྱོངས་བྱ་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི་སྨན་པའི་བརྩེ་སེམས་བཅངས་པ་དང་། མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་ཡོང་བར་འགན་སྲུང་བྱ་རྒྱུ་ནི་རང་གི་ལས་འགན་ཞིག་ཏུ་བརྩི་དགོས་པ་མ་ཟད། ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་ནད་པའི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་གཅེས་སེམས་དང་བརྩེ་སེམས་ཕུལ་ནས།  ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་པར་བསྟན།  

མཇུག་མཐར། ལྷག་བསམ་ཟོལ་མེད་ཀྱིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་སྨན་པ་རྣམས་ལ་དུས་ཆེན་ཀྱི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག  སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ། ཁྱིམ་མི་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།

2021ལོའི་ཟླ8པའི་ཚེས18ཉིན།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།