ཀྲེ་ཅང་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱེད་པར་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས16ནས་ཚེས17ཉིན་བར། ཀྲེ་ཅང་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱེད་པར་སླེབས་ནས། ཁ་གཏད་རོགས་སྐྱོར་མཉམ་ལས་སྔར་བས་རྒྱ་ཇེ་ཆེར་བཏང་། ཚེས17ཉིན་གྱི་སྔ་དྲོར། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡོན་ཅ་ཅུན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་མི་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་བཅས་ཀྱིས་ཟི་ལིང་ནས་བཞུགས་མོལ་གནང་བར་མ་ཟད། ཞིང་ཆེན་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་ཀྱིས་ནུས་ཁུངས་མཉམ་ལས་ཀྱི་ལས་གཞིའི་རྣམ་གྲངས་ལ་གྲོས་མཐུན་བཞག་པ་བདེན་དཔང་བྱས།

ཡོན་ཅ་ཅུན་གྱིས་མཚོ་སྔོན་གྱིས་དུས་ཡུན་རིང་བོར་ཀྲེ་ཅང་གི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་པ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཀྲེ་ཅང་གི་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་གནང་བར་བཀའ་དྲིན་ཆེ་ཞུས། ཁོས་ང་ཚོས་མཚོ་སྔོན་ལ་ཉིན་རེར་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་པའི་རྣམ་པ་དངོས་སུ་མཐོང་ཞིང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་བྱེད་པའི་སྤོབས་སེམས་དང་གསོན་ཤུགས་ལ་མྱོང་བ་ཟབ་མོ་སྐྱེས་པ་དང་། སྔར་ལས་གཏིང་ཟབ་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་སྟོབས་ཤུགས་དང་ལག་ལེན་སྟོབས་ཤུགས་ལ་ངོས་འཛིན་གསལ་བོ་བྱས་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དོ་ཟླ་མེད་པའི་ཁྱད་འཕགས་རང་བཞིན་ལ་སྔར་ལས་གོ་བ་གཏིང་ཟབ་བླངས་ཏེ། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་ཕྱོགས་གཉིས་ཀྱིས་མཉམ་ལས་བྱེད་པའི་མདུན་ལྗོངས་རྒྱ་ཆེན་པོར་ཡིད་ཆེས་བརྟན་པོ་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འགན་འཁྲི་ཕྲག་ཏུ་བབས་ཡོད་པ་གསལ་བོར་རྟོགས་ཡོད། དེང་སྐབས་ང་ཚོས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི"འཆར་འགོད་བཟོ་བ་དང་འཐུས་ཚང་དུ་གཏོང་བཞིན་པ་གོ་སྐབས་སུ་བཟུང་སྟེ། མཉམ་ལས་ཀྱི་སྣ་ཁ་དང་རིམ་པ་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། ལས་གཞི་གཙོ་བོ་དམ་འཛིན་བྱས་ཏེ་ནུས་ཁུངས་འཐབ་ཇུས་མཉམ་ལས་ཀྱི་སྤྱི་ཁོག་གྲོས་མཐུན་མྱུར་དུ་དངོས་འབེབས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་ཉོ་ཚོང་བརྗེ་རེས་རྒྱ་བསྐྱེད་པ་གཙོ་གནད་དུ་བཟུང་སྟེ་སྲིད་གཞུང་གིས་སྐུལ་སྤེལ་བྱེད་པ་དང་ཚོང་རས་གཙོ་ཁྲིད་བྱེད་པ། སྤྱི་ཚོགས་དེའི་ཁྲོད་དུ་ཞུགས་པའི་འཁོར་རྒྱུག་བཟང་བོ་ཆགས་པར་བྱེད་པ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་པ་ལས་འགན་དུ་བརྩིས་ཏེ་ཞིན་ཅང་དང་བོད་ལྗོངས་བརྟན་འཇགས་སུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མཉམ་ལས་སོགས་ཀྱི་བྱ་བ་གང་ལེགས་སྒོས་བསྒྲུབ་པ་བཅས་བྱས་ཏེ། ཧུར་ཐག་སྒོས་ད་ལོའི་ཟླ་བདུན་པའི་ཧང་ཀྲོའུ་ཡི་བཞུགས་མོལ་ཚོགས་འདུའི་སྟེང་ཞིང་ཆེན་གཉིས་ཀྱིས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དེ་མཉམ་ལས་གྲུབ་འབྲས་ངོ་མ་རུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། རྗེས་སུ་ཕྱོགས་གཉིས་ཀྱིས་རྒྱུན་ལྡན་རང་བཞིན་གྱི་མཉམ་ལས་བརྗེ་རེས་སྔར་ལས་རྒྱ་བསྐྱེད་པ་དང་། མཚོན་བྱེད་རང་བཞིན་གྱི་མཉམ་ལས་གྲུབ་འབྲས་གསར་སྐྲུན་བྱེད་དགོས་ལ། སྣེ་ཁྲིད་རང་བཞིན་གྱི་མཉམ་ལས་སྟེགས་བུ་འཛུགས་སྐྲུན་བྱེད་པ་དང་། ཁ་གསབ་རང་བཞིན་གྱི་མཉམ་ལས་བྱ་བ་བཟང་བོར་བསྒྲུབ་ནས། ཁ་གཏད་རོགས་སྐྱོར་བྱ་བ་དང་། ཀྲེ་ཅང་དང་མཚོ་སྔོན་བར་གྱི་བརྗེ་རེས་མཉམ་ལས་ལ་ཐུན་མོང་སྒོས་རྣམ་པ་གསར་བ་བསྐྲུན་དགོས་པར་བརྗོད།

མཚོ་སྔོན་དུ་སྡོད་སྐབས། ཀྲེ་ཅང་ཞིང་ཆེན་འཐུས་ཚབ་ཚོགས་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ཕྱིན་ནས། ཆིན་ཡོན་སྒྲོལ་མའི་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སི་དང་། མཚོ་ནུབ་ཁུལ་མཐོ་རིམ་སློབ་འབྲིང་། ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཤམས་སྟོན་ཁང་སོགས་སུ་རྟོག་ཞིབ་བྱས་པར་མ་ཟད། གཏེར་ལེན་ཁ་དང་ཟི་ལིང་གྲོང་ཁྱེར་དུ་ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ། ཀྲེ་ཅང་ཚོང་དོན་འཐུས་མི་བཅས་ལ་འཚམས་འདྲི་བྱས།

ཀྲེ་ཅང་ཞིང་ཆེན་གྱི་མགོ་ཁྲིད་ཁྲིན་ཅིན་པེའོ་དང་ཀྲོའུ་ཅང་ཡུང་། ཁྲིན་དབྱི་ཅུན་དང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཡུས་ཚུང་ལེ་དང་དབྱང་ཀྲི་ཝུན་བཅས་རྟོག་ཞིབ་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།