ཉི་མ་སྒྲོལ་མས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་བརྟག་ཞིབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཉི་མ་སྒྲོལ་མས་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། ཚན་ཆུང་གི་སྣེ་ཁྲིད་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་པད་མ་རྫོང་དུ་ཡུལ་དངོས་བརྟག་ཞིབ་བྱེད་པར་བསྐྱོད།

ཉི་མ་སྒྲོལ་མས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་ཁྲིམས་ལུགས་ཁྱབ་གདལ་གྱི་མཛུབ་ཁྲིད་བསམ་བློ་ཡིན་པ་མ་ཟད་ཁྲིམས་ལུགས་ཁྱབ་གདལ་གྱི་གཙོ་གནད་ནང་དོན་ཡང་ཡིན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་སྣེ་ཁྲིད་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དང་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་ཏན། ཁྲིམས་འཛིན་གཞུང་དྲང་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ། ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་གཉིས་མཉམ་འདྲེས་ནུས་ལྡན་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དངོས་གནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལོ་ལྔའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ཐེངས་བརྒྱད་པའི་སྐོར་གྱི་གྲོས་ཆོད་བཟོས་ནས་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་བརྩི་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་དེ་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དང་གཞི་རྩའི་ཚད་གཞིར་འགྱུར་བར་བྱེད་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་གི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ཀྱི་སྒོ་ནས་སྤེལ་བར་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།