《དཔའ་ལུང་རུ་མང་སྐྱེར་བ་ཁ་སོ་ཚོ་བའི་ལོ་རྒྱུས་བརྗོད་པ་ཤེལ་དཀར་མེ་ལོང》ཞེས་པ་དངོས་སུ་པར་སྐྲུན་བྱས།

微信图片_20210817111232.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 《དཔའ་ལུང་རུ་མང་སྐྱེར་བ་ཁ་སོ་ཚོ་བའི་ལོ་རྒྱུས་བརྗོད་པ་ཤེལ་དཀར་མེ་ལོང》ཞེས་པའི་དཔེ་ཆ་དེ་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་བྱས། དཔེ་ཆ་འདིར་ལེའུ་དགུ་ཡི་བདག་ཉིད་དུ་གྲུབ་ཅིང་། ཚོན་ཤོག་བར་བཅུག་ལ་ཤོག་ངོས་བཞི་ཡོད་པ་དང་། ཁྱོན་ཤོག་ངོས་ཉིས་བརྒྱ་ང་དྲུག་ཡོད་ལ། ཡིག་གྲངས་ཧ་ལམ་ཁྲི་ཉི་ཤུ་ཡོད། དེར་ལོ་རྒྱུས་དང་། ཞིབ་འཇུག རྒྱུ་ཆ་སོགས་ཀྱི་རིན་ཐང་ལྡན་པའི་གསུང་རྩོམ་ཞིག་ཡིན་ཞིང་། དཔའ་ལུང་རུ་མང་སྐྱེར་བ་ཁ་སོ་ཚོ་བའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། དཔེ་ཆ་འདི་ལོ་ངོ་གསུམ་གྱི་རིང་ལ་ཡུལ་དངོས་ནས་འཚོལ་སྡུད་དང་ལེགས་སྒྲིག་བགྱིས་ཏེ་རྩོམ་སྒྲིག་པ་རིམ་པ་ནས་རིམ་པར་བརྒྱུད་དེ་ལེགས་གྲུབ་བྱུང་བ་ཡིན་ཞིང་། དེ་ལས་ཕྱོགས་ཡོངས་ནས་བགྲང་བྱ་ཉིས་བརྒྱ་ཡས་མས་སོང་ཡོད་པའི་དཔའ་ལུང་རུ་མང་སྐྱེར་བ་ཁ་སོའི་བུ་བུ་མོ་དགུའི་ཕ་བཀྲ་ཚེ་མ་ཀླུ་མོ་མཚོའི་སྐྱེ་ཁུངས་བརྗོད་ཡོད་པ་དང་། དཔའ་ལུང་ས་ཆའི་བོད་རིགས་སྤྱིའི་ལོ་རྒྱུས་དང་དེ་འབྲེལ་གྱི་ཚོ་བའི་གྲུབ་སྟངས་དང་ཁྱབ་ཚུལ། དེ་མིན་དཔེ་ཆ་འདི་འབྲི་བའི་དགོས་གལ་རང་བཞིན་བརྗོད་ཡོད་ལ། དཔའ་ལུང་ས་ཆའི་རི་ཆུ་རིག་གནས་དང་། སྐད་ཆའི་ཁྱད་ཆོས། མི་སྣ་གྲགས་ཅན། ཡུལ་སྲོལ་གོམས་གཤིས་སོགས་ཀྱང་ཞིབ་བརྗོད་བྱས་ཡོད། གཞན་ཡང་། རྗེ་ཙོང་ཁ་བ་ཆེན་མོ་དགུང་ལོ་བདུན་པར་རབ་ཏུ་བྱུང་སའི་བྱ་ཁྱུང་དགོན་པ་དང་། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རླབས་ཆེན་མཛད་རྗེས་སོགས་ཀྱང་བྲིས་ཡོད་པ་མ་ཟད། ཁྱོན་ཡོངས་ནས་དཔའ་ལུང་རྫོང་དང་། གསེར་ཆེན་རྫོང་། བྲག་དཀར་རྫོང་། གཏེར་ལམ་རྫོང་། མདོ་ལ་རྫོང་བཅས་སུ་གནས་སྤར་ནས་འཚོ་བ་རོལ་བའི་སྐྱེར་བ་ཁ་སོའི་བུ་རབས་ཚ་རྒྱུད་ཀྱི་ལོ་རྒྱུས་གསལ་བོར་བཀོད་ཡོད།

微信图片_20210817111328.jpg

ཤེས་གསལ་བྱུང་བ་ལྟར། དཔེ་ཆ་འདི་ལ་ཁྱད་ཆོས་འགའ་ཡོད་དེ། གཅིག་སྟེ«རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ»ལས་ཇི་སྐད་དུ། ལར་སྐྱེས་མི་ཡི་སྐྱེ་རྒྱུད་མ་ཤེས་ན། །ནགས་གསེབ་རང་དགར་རྒྱུ་བའི་སྤྲེལ་འཁྱམས་འདྲ། །རིགས་རུས་ཆོ་འབྲང་གང་ཡིན་མ་ཤེས་ན། །གཡུ་འབྲུག་ཟོལ་མ་བཅོས་པའི་དབྱིབས་དང་འདྲ། །ཡབ་མེས་རྣམས་ཀྱི་ཡིག་ཚང་མ་ཤེས་ན། །མོན་ཕྲུག་ཡུལ་བོར་དོན་མེད་ཡན་པ་འདྲ། །ཞེས་པ་ལས་གསལ་བོར་བསྟན་པ་ལྟར། རང་གི་ལོ་རྒྱུས་རང་གིས་མ་ཤེས་ན་སྤྲེལ་རྒན་དང་གཡུ་འབྲུག་ཟོལ་མ་དང་མཚུངས་པ་ཇི་བཞིན་འགྱུར་ན་མི་རུང་སྙམ་ནས་སྔོན་ཆད་ལོ་རྒྱུས་སྟོང་ཆ་ལུས་པའི་ཆད་པ་འདི་ཁ་སྐོང་བགྱིས་ནས་རྒྱུན་འཛིན་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་མ་ཟད། ད་དུང་རང་རེ་ས་ཁུལ་དང་ཡང་ན་རྒྱལ་ཁབ་ཕྱི་ནང་ཀུན་ལ་སྔར་མེད་ཀྱི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་འདོན་སྤྲོད་བྱེད་འདུག་པའང་མིག་མཐོང་ལག་ཟིན་ལགས། གཉིས་ཏེ་རུ་མང་སྐྱེར་བ་ཁ་སོ་ཚང་གི་ཤ་ཉེ་ཡོད་དོ་ཅོག་དུས་ནམ་ཞིག་ལ་ས་ཆ་གང་དག་ལ་གྱེས་པའི་ལོ་རྒྱུས་དང་ཕན་ཚུན་ཤ་ཉེའི་འབྲེལ་བ་ཅི་ལྟར་ཆགས་པ། ད་ལྟ་ཡུལ་ཕྱོགས་གང་དུ་འཚོ་བཞེས་གནང་བཞིན་མཆིས་པ་བཅས་གསལ་ཁ་ཐོན་པར་དགེ་མཚན་མི་དམན་པ་ཡོད་དོ། ། གསུམ་སྟེ་ལོ་རྒྱུས་ཀྱི་དེབ་ཆུང་འདི་པར་སྐྲུན་བགྱིས་པ་འདིས་མི་རབས་རྗེས་མ་རྣམས་ལ་ལེགས་སྐྱེས་གྱ་ནོམ་པ་ཞིག་བཞག་པ་མ་ཟད། ཕྱིས་སུ་མ་མཐའ་ཡང་བགྲང་བྱ་བརྒྱ་ཕྲག་དུ་མར་ཉམས་དམས་སུ་མི་འགྲོ་བའི་དགེ་མཚན་མཆིས། བཞི་སྟེ་རང་གི་ཐོག་མའི་ཕ་ས་འདི་འཛིན་མཁན་དང་མི་རབས་རྗེས་མ་རབ་དང་རིམ་པ་སྙོར་སྐྱོང་མཛད་མཁན་གྱི་ཕ་མེས་ཡང་མེས་རྣམ་པ་ད་ལྟ་འཇིག་རྟེན་མི་ཡུལ་འདིར་མི་བཞུགས་ཀྱང་། ཁོང་རྣམ་པར་རྗེས་དྲན་ལེགས་པོ་ཞིག་ཡིན་པ་བསྙོན་དུ་མེད། ལྔ་སྟེ་དཔེ་དེབ་འདིའི་ཐོག་བཀོད་ཡོད་པའི་རྒྱུ་ཆ་ཐམས་ཅད་ལས་ཡུལ་དངོས་ནས་འཚོལ་སྡུད་དང་ལེགས་སྒྲིག་བགྱིས་པ་མ་ཟད་རྩོམ་སྒྲིག་པ་རིམ་པ་ནས་རིམ་པར་བརྒྱུད་དེ་ཞུ་དག་དང་ཡང་ན་ཚོགས་འདུ་བསྡུས་ཏེ་དཀའ་གནད་དང་དོགས་གནད་སྐོར་ལ་བགྲོ་གླེང་བྱས་ནས་ཐག་བཅད་པ་ཡིན་པས་ན། བེད་སྤྱོད་བགྱིས་པའི་རྒྱུ་ཆ་ཡོད་ཚད་རྣམ་དག་དང་ཚད་ལྡན་ཡིན་པ་གོར་མ་ཆག་གོ །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།