ཟི་ལིང་གྲོང་ཁྱེར་ལ“རྒྱལ་ཁབ་སྤྱི་སྤྱོད་འགྲིམ་འགྲུལ་གྲོང་ཁྱེར་གྱི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན”གྱི་མཚན་སྙན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ནས་ཤེས་གསལ་ལྟར་ན། ཟི་ལིང་གྲོང་ཁྱེར་ལ“རྒྱལ་ཁབ་སྤྱི་སྤྱོད་འགྲིམ་འགྲུལ་གྲོང་ཁྱེར་གྱི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན”གྱི་མཚན་སྙན་ཐོབ།

ཟི་ལིང་གྲོང་ཁྱེར་གྱིས2014ལོ་ནས་བཟུང་སྤྱི་སྤྱོད་འགྲིམ་འགྲུལ་གྲོང་ཁྱེར་གྱི་དཔེ་སྟོན་བཟོ་སྐྲུན་གསར་སྐྲུན་བྱས་པའི་ཚུན་ལ། ལོ་ངོ་དྲུག་གི་སྤྱི་སྤྱོད་འགྲིམ་འགྲུལ་གྲོང་ཁྱེར་གསར་སྐྲུན་ལས་དོན་སྤེལ་བ་བརྒྱུད། ད་ལྟ་ཟི་ལིང་དུ་སྤྱི་སྤྱོད་འགྲིམ་འགྲུལ་ལམ་ཐིག102ཇེ་ལེགས་སུ་བཏང་བ་དང་། ཉིན་རེའི་ཆ་སྙོམས་འགྲུལ་སྐྱེལ་མི་ཐེངས་ཁྲི100ཉེ་བར་སླེབས་ཤིང་། སྤྱིར་བཏང་གི་སྤྱི་སྤྱོད་འགྲིམ་འགྲུལ་དང་། མགྱོགས་མྱུར་སྤྱི་སྤྱོད་འགྲིམ་འགྲུལ། གྲོང་ཁྱེར་མྱུར་སྐྱེལ། དགོང་མོའི་སྤྱི་སྤྱོད་འགྲིམ་འགྲུལ་སོགས་རིགས་སྣ་མང་པོའི་ཞབས་ཞུ་ཕན་ཚུན་ཁ་གསབ་དང་ཕན་ཚུན་མཐུད་སྦྲེལ་བྱས་ཏེ། ཟི་ལིང་གི་མང་ཚོགས་ཕྱིར་བསྐྱོད་པའི་བདམས་གསེས་སུ་གྱུར་ཏེ། དེང་རབས་མཛེས་སྡུག་དང་བདེ་སྐྱིད་ཟི་ལིང་ལ་བཙོག་མེད་ཕྱིར་བསྐྱོད་ཀྱི་འགན་སྲུང་བྱས། 2020ལོའི་ཟླ9བར་ཞིབ་བཤེར་རྩིས་ལེན་བྱས་པའི་སྔོན་དུ། གྲོང་ཁྱེར་འདིས་སྤྱི་སྤྱོད་འགྲིམ་འགྲུལ་གྲོང་ཁྱེར་གསར་སྐྲུན་ལག་བསྟར་བྱེད་པའི་བྱེད་ཐབས་ཆེན་པོ8ཀྱི་ལས་འགན་ལེགས་འགྲུབ་བྱས་ཟིན་པ་དང་། སྤྱི་སྤྱོད་འགྲིམ་འགྲུལ་འཕྲུལ་སྒུལ་ཅན་གྱི་ཁག་ཁུར་བྱེད་ཚད་དང་། སྤྱི་སྤྱོད་རླངས་འཁོར་གློག་སྒུལ་ལམ་ཐིག་དྲ་བའི་བསྡུར་ཚད། སྤྱི་སྤྱོད་འགྲིམ་འགྲུལ་ས་ཚིགས་སྨི500ལ་ཁེབས་ཚད་སོགས་རྒྱུགས་ལེན་དཔྱད་ཞིབ་སྣ20ཚང་མ་གསར་སྐྲུན་དམིགས་ཚད་དུ་སླེབས་པའམ་དེ་ལས་བརྒལ་ཡོད་པ་དང་། སྤྱི་སྤྱོད་འགྲིམ་འགྲུལ་གྱི་ཁག་ཁུར་ཚད(རྐང་ཐང་དུ་བསྐྱོད་པ་མི་འདུས)དང་། སྤྱི་སྤྱོད་རླངས་འཁོར་གློག་སྒུལ་ལམ་ཐིག་དྲ་བ་སོགས་རྒྱུགས་ལེན་དཔྱད་ཞིབ་རྟགས་ཚད10ལས་སྣ8གསར་སྐྲུན་དམིགས་ཚད་དུ་སླེབས་པའམ་དེ་ལས་བརྒལ་ཡོད་ཅིང་། སྣ་གཉིས་ཀྱི་ཁྱད་དམིགས་དམིགས་ཚད་ཡོངས་སུ་ལེགས་འགྲུབ་བྱས་ཤིང་། སྤྱི་སྤྱོད་འགྲིམ་འགྲུལ་གྲོང་ཁྱེར་ཞིབ་བཤེར་རྩིས་ལེན་གྱི་ཆ་རྐྱེན་དུ་སླེབས་ཡོད། འདིའང2017ལོར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་རྒྱལ་ཁབ་སྤྱི་སྤྱོད་འགྲིམ་འགྲུལ་གྲོང་ཁྱེར་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་བཟོ་སྐྲུན་ཞིབ་བཤེར་རྩིས་ལེན་བྱ་བ་མགོ་བརྩམས་རྗེས། མིང་བཏགས་པའི་སྐོར་ཐེངས་བཞི་བའི་རྒྱལ་ཁབ་སྤྱི་སྤྱོད་འགྲིམ་འགྲུལ་གྲོང་ཁྱེར་གྱི་དཔེ་སྟོན་གྲོང་ཁྱེར་དུ་གྱུར། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།