མི་བསད་ནས་ལོ14རིང་བྲོས་བྱོལ་བྱས་རྗེས་འཛིན་བཟུང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས13ཉིན། ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཟི་ལིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་པའི་ཞུ་སྦྱོར་ཕྱི་མ་ཧྲི་ཆེ་གེ་མོས་བསམ་བཞིན་དུ་མི་བསད་པའི་ནག་ཉེས་ལ་ཡོངས་བསྒྲགས་འདྲི་གཅོད་ཀྱིས་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ལོ་ངོ14རིང་བྲོས་བྱོལ་རྗེས་འཛིན་བཟུང་བྱས་པའི་ཞུ་སྦྱོར་ཕྱི་མ་ཧྲི་ཆེ་གེ་མོས་བསམ་བཞིན་དུ་མི་བསད་པའི་ནག་ཉེས་ལ་སྲོག་ཆད་བཅད་ཅིང་། ལོ་གཉིས་རྗེས་སུ་ལག་བསྟར་བྱེད་པ་དང་། ཚེ་གང་བོར་ཆབ་སྲིད་དབང་ཆ་བླངས་པ་མ་ཟད། ཞུ་སྦྱོར་སྔ་མར་དམངས་དོན་དཔལ་འབྱོར་གྱོང་གུད་ཀྱི་སྐྱིན་ཚབ་འཇལ་རྒྱུར་ཐག་བཅད།

ཁྲིམས་ཁང་གིས་ཞིབ་བཤེར་ཐག་གཅོད་ལས་རྩད་ཞིབ་གསལ་བོ་བྱས་དོན། 2005ལོར། ཞུ་སྦྱོར་ཕྱི་མ་ཧྲི་ཆེ་གེ་མོ་དང་གནོད་ཐེབས་པ་ལི་ཆེ་གེ་མོ་ངོ་ཤེས་སུ་གྱུར། 2006ལོའི་ཟླ4བའི་ཚེས20ཉིན། ཧྲི་ཆེ་གེ་མོ་དང་ལི་ཆེ་གེ་མོ་གཉིས་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ནས་ཟི་ལིང་གྲོང་ཁྱེར་དུ་ཡོང་། ཉིན་དེའི་ཆུ་ཚོད15སྟེང་། ཁོ་གཉིས་ཟི་ལིང་གྲོང་ཁྱེར་གྱི་ཐོག་ཁང་ག་གེ་མོའི་ཉེ་འདབས་སུ་ངོ་ཐུག་པ་མ་ཟད་མགྲོན་ཁང་ག་གེ་མོའི་ཉིས་ཐོག་གི་ཨང་རྟགས5བའི་ཁང་བའི་ནང་དུ་བསྡད། དེའི་སྐབས་སུ། མི་གཉིས་ལ་ལུས་འབྲེལ་བྱུང་རྗེས་ཁ་རྩོད་བྱུང་ཞིང་། ཁ་རྩོད་ཁྲོད་ཧྲི་ཆེ་གེ་མོས་ལི་ཆེ་གེ་མོའི་མིད་པ་བགག་ནས་རྐྱེན་ལམ་དུ་བཏང་། དེའི་རྗེས་སུ་ཧྲི་ཆེ་གེ་མོ་ཡུལ་དངོས་ནས་བྲོས། 2020ལོའི་ཟླ4བའི་ཚེས15ཉིན། སྤྱི་བདེ་མི་སྣས་ཟི་ལིང་གྲོང་ཁྱེར་དུ་ཧྲི་ཆེ་གེ་མོ་འཛིན་བཟུང་བྱས།

ཁྲིམས་ཁང་གིས་ཞིབ་བཤེར་ཐག་གཅོད་བྱས་རྗེས། ཞུ་སྦྱོར་ཕྱི་མ་ཧྲི་ཆེ་གེ་མོ་དང་གནོད་ཐེབས་པའི་བར་ཁ་རྩོད་བྱུང་རྗེས་སྐེ་བགག་ནས་བསད་པས། བྱ་སྤྱོད་དེས་བསམ་བཞིན་དུ་མི་བསད་པའི་ནག་ཉེས་གྲུབ། ཞུ་སྦྱོར་ཕྱི་མ་ཧྲི་ཆེ་གེ་མོའི་མི་བསད་པའི་དམིགས་ཡུལ་གསལ་བ་དང་། བྱ་སྤྱོད་ཐལ་གྲགས་པས། མཇུག་འབྲས་ཤིན་ཏུ་མི་ལེགས་པར་བརྟེན། ཁྲིམས་ལྟར་ཆད་གཅོད་ནན་མོ་བྱེད་དགོས་པར་འདོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།