ཝང་ཅན་ཅུན་གྱིས་མཚོ་བྱང་ཁུལ་གྱི་རྡོ་སོལ་གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་ལ་ཚད་མཐོའི་མཐོང་ཆེན་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས14ཉིན། མཚོ་བྱང་ཁུལ་ཚེ་ཐར་རྡོ་སོལ་གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་བྱུང་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཚད་མཐོའི་མཐོང་ཆེན་གནང་ནས། མྱུར་དུ་མཆན་བཀོད་མཛུབ་སྟོན་དང་རོགས་སྐྱོབ་བྱེད་པའི་བླང་བྱ་བཏོན་པར་མ་ཟད་རོགས་སྐྱོབ་སྟོབས་ཤུགས་མངག་དགོས་པའི་བླང་བཏོན། ཚེས15ཉིན་གྱི་ཞོགས་པར་ཝང་ཅན་ཅུན་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་སུ་ཕྱིན་ཏེ། ཡུལ་དངོས་ཀྱི་རོགས་སྐྱོབ་བཀོད་འདོམས་པུའུ་ལ་བརྙན་ལམ་མཐུད་སྦྲེལ་བྱས་ཏེ། རོགས་སྐྱོབ་ཀྱི་འཕེལ་རིམ་གནས་ཚུལ་ལ་ཉན་པ་དང་རིམ་པ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་འབྲེལ་བའི་རྣམ་བཤད་གལ་ཆེན་དང་། ཙུང་ལི་ལི་ཁེ་ཆང་དང་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་དགོངས་དོན་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་འཕྲལ་བསྟུན་དོ་དམ་པུའུ་ཡི་མགོ་ཁྲིད་དང་ཆེད་མཁས་པའི་མཛུབ་སྟོན་འོག་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་ཡུལ་དངོས་རོགས་སྐྱོབ་དང་རྨས་མར་སྨན་བཅོས་བྱེད་པ་དང་། དོན་རྐྱེན་ལ་ཞིབ་བཤེར་བྱེད་པ། རྗེས་ཀྱི་དོན་དག་ཐག་གཅོད་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས་པར་ནན་གྱིས་བསྟན།

ཝང་ཅན་ཅུན་གྱིས་ཡུལ་དངོས་ཀྱི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས། འཕྲལ་བསྟུན་སྔོན་དཔག་ཇུས་གཞི་དང་ས་གཤིས་ཀྱི་ངོ་བོ། གནམ་གཤིས་ཆ་རྐྱེན་སོགས་རྒྱུ་རྐྱེན་རྙོག་འཛིང་དང་དོན་དངོས་གྱི་གནས་ཚུལ་དང་བསྟུན་ནས་རོགས་སྐྱོར་ཇུས་གཞི་འགུལ་རྣམ་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པ། རོགས་སྐྱོབ་བྱ་བའི་ཁག་སོ་སོས་མིའི་ཚེ་སྲོག་མྱུར་སྐྱོབ་བྱེད་པ་ལས་འགན་དང་པོར་འཇོག་པ། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་སྟོབས་ཤུགས་ཡོད་རྒུས་གཏེར་ཁྲོན་འོག་ཏུ་ལུས་པའི་མི་མྱུར་སྐྱོབ་དང་རྨས་མར་སྨན་བཅོས་བྱས་ནས། མི་སྣ་ཤི་རྨས་ཀྱི་ཚད་ཆེས་ཉུང་བར་གཏོང་དགོས་ཤིང་རེ་བ་ཉག་ཕྲན་ཙམ་ཡང་སྣང་མེད་དུ་འཇོག་མི་རུང་། ཕྱོགས་སོ་སོའི་ལྟ་རྟོག་དོ་དམ་ལས་འགན་ཤུགས་དྲག་ཏུ་གཏོང་བ་དང་རོགས་སྐྱོབ་ཁོར་ཡུག་ལ་ཚད་ལེན་ནན་མོ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ནས་གནོད་སྐྱོན་ཡང་བསྐྱར་མི་འབྱུང་བར་བཀག་འགོག་ནན་མོ་བྱེད་པ་དང་མི་སྣའི་བདེ་འཇགས་ལ་ཁག་ཐེག་བྱེད་པ། ཆེད་དོན་བྱ་བའི་ཚན་ཆུང་བཙུགས་ནས་གཏེར་ཁྲོན་འོག་ཏུ་ལུས་པའི་མི་དང་ཤི་རྨས་ཐེབས་པའི་མི་སྣའི་ཁྱིམ་མི་རྣམས་རང་གི་ཉེ་མི་དང་ཁྱིམ་མི་ལྟར་བརྩེ་བ་ཆེན་པོས་ཐུགས་ཁུར་དང་སེམས་གསོ་བྱེད་དགོས། དོན་རྐྱེན་གྱི་རྒྱུ་རྐྱེན་ལ་མྱུར་དུ་རྩད་ཞིབ་བྱེད་པ་དང་དོན་རྐྱེན་ཁྲོད་ཀྱི་ཉམས་མྱོང་ལེན་པ། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ། དུས་ཐོག་ཏུ་ཡང་དག་དང་བལྟོས་བཅས་ཀྱིས་ཁྱོན་ཡོངས་ནས་རོགས་སྐྱོབ་གནས་ཚུལ་སྒྲོག་སྤེལ་བྱེད་པ་དང་། རང་འགུལ་སྒོས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ཐུགས་ཁུར་ལ་ཨ་ལན་གནང་དགོས་པར་མ་ཟད། སྟོབས་ཤུགས་ཡོད་རྒུས་རོགས་སྐྱོར་བྱ་བར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

ཞིང་ཆེན་གྱི་མགོ་ཁྲིད་ལི་ཅེ་ཞང་དང་ཡུས་ཚུང་ལེ་གཉིས་སོ་སོར་ཡུལ་དངོས་རོགས་སྐྱོབ་བཀོད་འདོམས་པུའུ་དང་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་སུ་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།