ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས“8·14”ཡི་གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་བྱུང་བའི་ཡུལ་དངོས་བཀོད་འདོམས་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་བྱུང་རྗེས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འཕྲལ་དུ་ཡུལ་དངོས་བཀོད་འདོམས་པུའུ་བཙུགས་པ་དང་། ཛ་དྲག་གི་འགུལ་སྐྱོད་སྤེལ་ནས་ས་གནས་ཁག་གི་མི་སྣ་དང་། དངོས་པོ། སྒྲིག་བཀོད་བཅས་སྐོང་འཐེན་བྱས་ཏེ་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་དང་ཉེན་སེལ་ལས་དོན་རྩ་འཛུགས་བྱས།
མིག་སྔར་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་བཀོད་འཐབ་པ140དང་། ལས་སྒྲུབ་རླངས་འཁོར་སྣ་ཚོགས121། ཡོ་བྱད་སྒྲིག་ཆས་དང་འགན་ལེན་དངོས་ཟོག7720ལྷག་ཙམ་ཡུལ་དངོས་སུ་འབྱོར་ཡོད། རྒྱལ་ཁབ་གཏེར་ཁའི་འཕྲལ་བསྟུན་རོགས་སྐྱོབ་མཚོ་སྔོན་རུ་ཁག་གི་རོགས་སྐྱོབ་རུ་མི26དང་། རོགས་སྐྱོབ་རླངས་འཁོར2། ཤུགས་ཚད་ཆེ་བའི་ཁྲོན་པའི་འདམ་རྡོ་ཕྱིར་འབུད་འཕྲུལ་འཁོར2བཅས་སྔ་རྗེས་སུ་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པར་བསྐྱོད། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་འཕྲལ་བསྟུན་རོགས་སྐྱོབ་ལྟེ་གནས་ལ་རྒྱལ་ཁབ་གཏེར་ཁའི་འཕྲལ་བསྟུན་རོགས་སྐྱོབ་ཀྱི་ཅིན་ཡོན་རུ་མི38དང་། རོགས་སྐྱོབ་རླངས་འཁོར9། ཤུགས་ཚད་ཆེ་བའི་ཁྲོན་པའི་འདམ་རྡོ་ཕྱིར་འབུད་འཕྲུལ་འཁོར3མངགས་པར་རེ་ཞུ་བྱས་པ་དེ་ཡང་ཚེས15ཉིན་གྱི་ཆུ་ཚོད6སྟེང་ཡུལ་དངོས་སུ་འབྱོར་ནས་རོགས་སྐྱོབ་ནང་ཞུགས། དེ་དང་ཆབས་ཅིག་ཞིང་ཆེན་ནང་གི་ལས་རིགས་ཆེད་མཁས་པ9དང་ཞིང་ཆེན་ཕྱི་རོལ་གྱི་ཆེད་མཁས་པ3སྐོང་འཐེན་བྱས་ཏེ། འཕྲལ་བསྟུན་རོགས་སྐྱོབ་ཀྱི་ལག་རྩལ་མཛུབ་ཁྲིད་ལས་དོན་ནང་ཞུགས།
མཚོ་བྱང་ཁུལ་གྱི་ཁུལ་དཔོན་གཞོན་པ་དབྱིན་མའོ་ཝུན་གྱིས་མིག་སྔར་འཕྲལ་བསྟུན་དང་མེ་ཟོན། སྤྱི་བདེ། འཕྲོད་བསྟེན་བདེ་ཐང་སོགས་ཀྱི་རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་ཀྱི་མི་བསྡོམས་པས900ལྷག་གིས་ཡུལ་དངོས་སུ་དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་དང་། ཐབས་བརྒྱ་ཇུས་སྟོང་གིས་བྲེལ་འཚུབ་དང་གོ་རིམ་ལྡན་པའི་ངང་གཙང་སེལ་དང་ཆུ་འཐེན། དབུགས་བརྗེ་བ་སོགས་ཀྱི་ལས་དོན་སྤེལ་ཏེ་ཕྱོགས་གཅིག་ནས་རོགས་སྐྱོབ་དང་ཕྱོགས་གཅིག་ནས་ཇུས་གཞི་ཇེ་ལེགས་སུ་གཏོང་བཞིན་ཡོད། ཡུལ་དངོས་རོགས་སྐྱོབ་དཀའ་ཚེགས་ཆེ་བ་དང་ཆ་རྐྱེན་རྙོག་འཛིང་ཡིན་པ། ཞོར་ཐོན་གནོད་འཚེ་འབྱུང་བ་བཅས་ཀྱི་ཉེན་ཁ་ཧ་ཅང་ཆེ་བས། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པས་གྲོས་མོལ་དང་བརྡར་གཅོད་ཐེངས་མང་བྱས་པ་དང་། ཡུལ་དངོས་བཀོད་འདོམས་པུའུ་ཡིས་ཚོགས་འདུ་ཐེངས་མང་འཚོགས་ནས་ཞིབ་འཇུག་བྱས་པ་ལྟར་ན། ས་ངོས་སྲ་བརྟན་གཏོང་བ་དང་དུང་བརྐོས་ནས་མྱུར་སྐྱོབ་བྱེད་པའི་ཐབས་སྤྱད་ནས་རོགས་སྐྱོབ་བྱེད་པ་དང་། ཇུས་གཞི་འདི་སྔར་བས་ཞིབ་ཚགས་སུ་བཏང་རྗེས་ལག་བསྟར་བྱེད་རྒྱུ་ཡིན་ཟེེར།
ཤེས་རྟོགས་བྱུང་བ་ལྟར་ན། འཕྲལ་བསྟུན་དོ་དམ་པུའུ་ཏང་ཨུས་མཚོ་སྔོན་གྱི“8·14”ཡི་གཏེར་ཁྲོན་བརྡིབས་པའི་རོགས་སྐྱོབ་ལས་དོན་འཕེལ་རིམ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། པུའུ་ཀྲང་ཧོང་མིང་གིས་བརྙན་ལམ་ནས་འཕྲལ་བསྟུན་རོགས་སྐྱོབ་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱོབ་བཅོས་དང་། ཕྱོགས་བསྡུས་ཇུས་འདོན། གླེང་ཕྱོགས་ལ་ཁ་གཏད་ཧུར་ཐག་གཅོག་པ། ནུས་ཤུགས་གང་ཡོད་ཀྱིས་ཉེན་སེལ་རོགས་སྐྱོབ་ལས་དོན་ཡག་པོར་སྒྲུབ་དགོས་པའི་བླང་བྱ་བཏོན། འཕྲལ་བསྟུན་དོ་དམ་པུའུ་ཡི་པུའུ་ཀྲང་གཞོན་པའམ་རྒྱལ་ཁབ་གཏེར་ཁའི་བདེ་འཇགས་ལྟ་སྐུལ་ཅུའུ་ཡི་ཅུའུ་ཀྲང་ཧོང་ཡུས་ཀྲི་ཡིས་ཙུའུ་ཀྲང་གི་འགན་ཁུར་པའི་རྒྱལ་ཁབ་ལས་དོན་ཚན་ཆུང་ཡུལ་དངོས་སུ་འབྱོར་རྗེས། མཚན་མོ་དེར་ཚོགས་འདུ་འཚོགས་ཏེ་ཡུལ་དངོས་བཀོད་འདོམས་པུའུ་ཡི་ལས་དོན་སྙན་ཞུ་ལ་ཉན་པ་དང་། ཡུལ་དངོས་གནས་ཚུལ་ལ་ཞིབ་འཇུག་དང་བརྡར་ཤ་བཅད་པ་མ་ཟད། གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་བྱུང་བའི་ཡུལ་དངོས་སུ་བརྟག་ཞིབ་བྱེད་པར་ཕྱིན་ཏེ་བྱ་བར་གྲོས་གཞི་དང་བླང་བྱ་བཏོན།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ། ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་རོགས་སྐྱོབ་ལས་དོན་བཀོད་འདོམས་བྱེད་མཁན་གྱི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་དང་མཉམ་དུ་བརྙན་ལམ་ནས་མཐུད་སྦྲེལ་བྱས་ཏེ། ཡུལ་དངོས་ཀྱི་རོགས་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། འཐབ་ཡུལ་དངོས་སུ་འབད་འཐབ་བྱེད་མཁན་གྱི་མི་སྣར་ཐུགས་ཁུར་དང་འཚམས་འདྲི་གནང་བ་དང་། རྒྱལ་ཁབ་ལས་དོན་ཚན་ཆུང་གི་མཛུབ་ཁྲིད་འོག་ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་བྱས་ཏེ། མི་སྣར་ཤི་རྨས་ཐེབས་ཚད་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་། གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་བྱུང་རྐྱེན་ལ་མགྱོགས་མྱུར་སྒོས་རྩད་གཅོད་བྱས་ཏེ་ཕྱོགས་སོ་སོའི་འགན་འཁྲི་དོན་འཁྱོལ་གྱིས་སླར་བྱུང་གནོད་འཚེ་སྔོན་འགོག་བྱེད་དགོས། དུས་ལྟར་ཆ་འཕྲིན་ཁྱབ་སྒྲོག་དང་སྤྱི་ཚོགས་ཀྱི་དོ་ཐུར་ལ་ལན་ཆ་བྱིན་ནས་སྤྱི་ཚོགས་བརྟན་བརླིང་དང་གླེང་ཕྱོགས་བྱ་བ་ལེགས་པོར་སྒྲུབ་དགོས་པའི་བླང་བྱ་བཏོན།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚོ་སྔོན་རྡོ་སོལ་གཏེར་ཁ་ཇུས་འགོད་ཁང་གི་ཡོན་ཀྲང་གཞོན་པའམ། ཡུལ་དངོས་བཀོད་འདོམས་པུའུ་ཡི་ཆེད་མཁས་པའི་ཚན་ཆུང་གི་ཆེད་མཁས་པ་ཡའོ་ཅིང་ཏུང་གིས་རོགས་སྐྱོབ་ཇུས་གཞི་དང་རོགས་སྐྱོབ་ཀྱི་འཕེལ་རིམ་ངོ་སྤྲོད་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
“8·14”གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་བྱུང་བའི་ཡུལ་དངོས་བཀོད་འདོམས་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས།