མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ད་ལོའི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་སྐོར་དང་པོའི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར2.8དངོས་འབེབས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སྐོར་དང་པོའི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར2.8རྩིས་སྤྲོད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ནད་ཡམས་ཚོད་འཛིན་ལྟེ་གནས་དང་མཚོ་ཤར་གྲོང་ཁྱེར་གྱི་ནད་ཡམས་ཚོད་འཛིན་ལྟེ་གནས། རྫོང་རིམ་པའི་ནད་ཡམས་ཚོད་འཛིན་ལྟེ་གནས8དང་ཏུའུ་ལན་རྫོང་མི་དམངས་སྨན་ཁང་གི་རྣམ་གྲངས་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱ་རྒྱུ་རེད། རྣམ་གྲངས་འདི་དག་ལག་བསྟར་བྱས་པ་ལས། སྔར་ལས་ལྷག་པར་རང་ཞིང་གི་ནད་ཡམས་ཚོད་འཛིན་ལས་ཁུངས་ཀྱི་ཞིབ་བཤེར་ཚད་ལེན་ནུས་ཤུགས་མཐོར་འདེགས་སུ་བཏང་སྟེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་ཐུབ་པ་མ་ཟད། གནས་བབ་གསར་བའི་འོག་རིམས་ནད་ཚབས་ཆེན་དང་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་དགོས་མཁོ་སྐོང་ཐུབ།

ད་ལོའི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྲིད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། སྔར་ལས་ལྷག་པར་གཞུང་བཙུགས་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཤོང་སྐྱེད་མཉམ་འདྲེས་ས་ཁོངས་ཀྱི་དོ་མཉམ་བཀོད་སྒྲིག་ཇེ་མགྱོགས་སུ་གཏོང་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སྔར་ལས་ལྷག་པར་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་བྱ་བའི་མཐུན་སྦྱོར་ལམ་ལུགས་ཚད་ལྡན་དུ་བཏང་སྟེ། ཕྱོགས་ཡོངས་ནས་རྟོག་ཞིབ་གཏིང་ལོན་དང་དོན་དངོས་ཚོད་འཛིན་ཡང་དག་བྱེད་པའི་རྨང་གཞིའི་སྟེང་། ཡར་ཞུ་དང་འབྲེལ་མཐུད་བྱ་བ་ཧུར་ཐག་གིས་སྒྲུབ་ཏེ། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་རྒྱབ་སྐྱོར་བརྩོན་ལེན་བྱས། མིག་སྔར། རྒྱལ་ཁབ་ཀྱི་དངུལ་གཏོང་འཆར་གཞི་དབྱེ་ཕྲལ་བྱས་ཤིང་། རྣམ་གྲངས་ས་ཁུལ་གྱིས་དུས་ཚོད་དམ་འཛིན་བྱས་ནས་ལས་མགོ་ཚུགས་པར་སྐུལ་འདེད་གཏོང་བཞིན་ཡོད་པས། རྣམ་གྲངས་སྔ་མོ་ནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ་དངུལ་གཏོང་གི་ཕན་འབྲས་འདོན་པར་ཁག་ཐེག་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།