ཟི་ལིང་གྲོང་ཁྱེར་གྱི་སྟོན་དུས་སློབ་མགོ་ཚུགས་དུས་སློབ་གནས8000ལྷག་སྣོན་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྟོན་དུས་སློབ་མགོ་ཚུགས་དུས། སྔོན་དཔག་བྱས་ན་ཟི་ལིང་གྲོང་ཁྱེར་དུ་གསར་སྐྲུན་དང་བསྐྱར་སྐྲུན་བྱས་པའི་སློབ་གྲྭ་དང་བུ་བཅོལ་ཁང20བཀོད་སྤྱོད་བྱ་རྒྱུ་ཡིན་ལ། སློབ་གནས8000ལྷག་གསར་སྣོན་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་སྤྱི་ཁོག་སྔར་ལས་ལེགས་པར་བཏང་ཞིང་དེས་སློབ་གསོའི་ཐོན་ཁུངས་མངོན་གསལ་གྱིས་རྒྱ་བསྐྱེད་གཏོང་ཐུབ། 

ད་ལོར། ཟི་ལིང་གྲོང་ཁྱེར་གྱི་སློབ་གསོ་མ་ལག་གིས་ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར14བཏང་ནས་སློབ་ཞུགས་སྔོན་གྱི་སློབ་གསོའི་ཀུན་ཕན་བྱེད་ནུས་མཐོར་འདེགས་དང་། འོས་འགན་སློབ་གསོའི་འཛིན་གྲྭ་ཆེ་རིགས་སེལ་བ། མཐོ་རིམ་སློབ་འབྲིང་དཀྱུས་མའི་སྣ་མང་ཁྱད་ལྡན་འཕེལ་རྒྱས་གཏོང་བ་སོགས་སློབ་གསོའི་རྣམ་གྲངས་ཆེ་གྲས་བརྒྱད་ཀྱི་རིགས90ལག་བསྟར་བྱེད་རྩིས་ཡོད། དེ་དང་ཆབས་ཅིག སློབ་གསོ་སྤུས་ལེགས་དང་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་ཆེད། སློབ་གསོའི་མ་ལག་གིས་དམངས་འཚོའི་བཟོ་བཀོད་གཙོ་གནད་འབོར་ཆེན་ཞིག་སྐྲུན་མགོ་བཙུགས། ད་ལོའི་ཟླ9པར། གསར་བསྐྲུན་སློབ་གྲྭ8དངོས་སུ་སྤྱོད་མགོ་འཛུགས་རྒྱུ་དང་། དེ་དག་གིས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་ཀྱི་གནོན་ཤུགས་ནུས་ལྡན་ངང་ཇེ་ཆུང་དུ་གཏོང་ཐུབ་རྒྱུ་རེད། དེ་དག་གི་ཁྲོད། ཧེ་ཧུའུ་ཁུལ་གསར་གྱི་ཀོང་ཧྭ་སློབ་འབྲིང་གི་རྒྱ་ཁྱོན་ལ་སྤྱི་ཆིང4.52ཡོད་ཅིང་། སྤྱིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི3.7ཡོད། སློབ་སྒྲུབ་ཀྱི་གཞི་ཁྱོན་ལ་འཛིན་གྲྭ42(དམའ་འབྲིང་འཛིན་གྲྭ18དང་མཐོ་འབྲིང་འཛིན་གྲྭ24)ཡོད་ལ། སློབ་གནས2300ལྷག་མཁོ་སྤྲོད་བྱེད་ཐུབ། མཁར་བྱང་ཆུས་ཀྱི་ཐའོ་ཞིན་སློབ་གྲྭ་ནི་ལོ་དགུའི་མུ་འབྲེལ་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན། དེའི་རྒྱ་ཁྱོན་ལ་སྤྱི་ཆིང3.4ཡོད་ཅིང་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2.86ཡོད། སློབ་སྒྲུབ་ཀྱི་གཞི་ཁྱོན་ལ་འཛིན་གྲྭ54(སློབ་ཆུང36དང་དམའ་འབྲིང18)ཡོད་ཅིང་སློབ་གནས2500ལྷག་མཁོ་སྤྲོད་བྱེད་ཐུབ། ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཏ་ཐུང་སློབ་འབྲིང་བརྒྱད་པའི་རྒྱ་ཁྱོན་ལ་སྤྱི་ཆིང7.67ཡོད་ཅིང་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2.64ཡོད། སློབ་སྒྲུབ་ཀྱི་གཞི་ཁྱོན་ལ་འཛིན་གྲྭ48ཡོད་ཅིང་། དམའ་འབྲིང་གི་སློབ་གནས2400ལྷག་མཁོ་འདོན་བྱེད་ཐུབ།

གྲོང་གསེབ་ཀྱི་བྱིས་པ་ལ“བྱིས་པར་སློབ་གསོ་ཡོད་པ”ཡི་དམིགས་ཚད་ལྟར། སྡེ་གྲོང་བུ་བཅོལ་ཁང་ཁག་གཅིག་འཛུགས་སྐྲུན་དང་བསྒྱུར་བཀོད་བྱས་ཡོད། ཧོང་ཡོན་རྫོང་ཧྲེན་ཀྲུང་ཤང་ཁ་ལུའུ་བུ་བཅོལ་ཁང་ལ་ཁྱོན་མ་དངུལ་སྒོར་ཁྲི341བཏང་བ་དང་། སྔོན་དཔག་བྱས་ན་བྱིས་པ100ལྷག་ཤོང་ཐུབ། ཆའོ་ཐོའུ་གྲོང་རྡལ་མའོ་ཅ་ཀྲའེ་བུ་བཅོལ་ཁང་ལ་ཁྱོན་མ་དངུལ་སྒོར་ཁྲི1125བཏང་བ་དང་། སྔོན་དཔག་བྱས་ན་བྱིས་པ280ཤོང་ཐུབ། ཧྲེན་ཀྲུང་ཤང་ཁ་ལུའུ་དང་ཆའོ་ཐོའུ་གྲོང་རྡལ་མའོ་ཅ་ཀྲའེ་སོགས་བུ་བཅོལ་ཁང12རྒྱུན་མཐུད་ངང་བཀོལ་བ་དེས་སྡེ་གྲོང་གི་བྱིས་པ་ཉེ་གམ་གྱི་བུ་བཅོལ་ཁང་དུ་སྐྱོད་པའི་དགོས་མཁོ་སྐོང་ཐུབ་པ་དང་། གྲོང་གསེབ་ཀྱི་སློབ་སྔོན་སློབ་གསོ་ལ“བུ་བཅོལ་ཁང་དུ་ཞུགས་ཐུབ་པ”ནས“བུ་བཅོལ་ཁང་ལེགས་པོར་ཞུགས་ཐུབ་པའི”འགྱུར་ལྡོག་བྱུང་བཞིན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།