ཁོང་ཡུང་གིས་ཟི་ལིང་གྲོང་ཁྱེར་དུ་གད་སྙིགས་ཐག་གཅོད་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་དུ་སོང་ནས་གད་སྙིགས་ཐག་གཅོད་བྱ་བར་རྟོག་ཞིབ་བྱས།

ཁོང་ཡུང་སྔ་གཞུག་ཏུ་ཟི་ལིང་ཙོང་ཆུའི་ཁོར་ཡུག་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་དང་། མཁར་ནུབ་ཁུལ་ཀྲང་ཅ་ཝན་ཧྲུའེ་ཚའོ་ཀུག་འཚོ་བའི་གད་སྙིགས་ས་སྦས་ར་བ། དེ་མིན་ཟི་ལིང་གྲོང་ཁྱེར་འཚོ་བའི་གད་སྙིགས་བསྲེགས་སའི་གློག་འདོན་ལས་གཞིའི་ཡུལ་དངོས་བཅས་སུ་སོང་ནས། གནོད་ལྡན་གད་སྙིགས་དང་འཚོ་བའི་གད་སྙིགས་ཐག་གཅོད་གནས་ཚུལ་དང་། དེའི་གནད་དོན་དང་དཀའ་ཁག་ལ་རྒྱུས་ལོན་བྱས་ཤིང་། གཙོ་གནད་ལས་གཞི་སྐུལ་འདེད་བྱ་བར་ཡུལ་དངོས་ལྟ་སྐུལ་མཛུབ་སྟོན་བྱས། ཁོས་བསྟན་དོན། གད་སྙིགས་ཐག་གཅོད་བྱ་བ་ནི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཞིག་ཡིན། ཟི་ལིང་དེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཡིན་པའི་ཆ་ནས། སྤྱི་ཁྱོན་ལ་དམིགས་ནས་ལངས་ཕྱོགས་མཐོན་པོ་དང་། ལས་འགན་དོན་དངོས་དང་ཞིབ་ཚགས་སུ་བཏང་ནས། ལྗང་མདོག་གི་འཕེལ་རྒྱས་རྣམ་པ་དང་འཚོ་བའི་རྣམ་པ་གྲུབ་པར་སྐུལ་འདེད་བཏང་ནས། གད་སྙིགས་ཀྱི་ཚད་ཇེ་ཉུང་ཅན་དང་ཐོན་ཁུངས་ཅན། གནོད་མེད་ཅན་གྱི་ཐག་གཅོད་ཆུ་ཚད་མཐོར་འདེགས་སུ་བཏང་ནས། རྒྱལ་ཁབ་རིམ་པའི“སྙིགས་མེད་གྲོང་ཁྱེར”གསར་སྐྲུན་བྱེད་དགོས་ཞེས་བསྟན། 

ཁོང་ཡུང་གིས་ནན་གྱིས་བསྟན་དོན། སྟེང་གི་བཀོད་པའི་འཆར་འགོད་ལ་ཤུགས་བསྣོན་དང་གད་སྙིགས་ཀྱི་ཚད་ཇེ་ཉུང་ཅན་དང་ཐོན་ཁུངས་ཅན། གནོད་མེད་ཅན་གྱི་ཐག་གཅོད་དང་། རིགས་དབྱེ། བསྡུ་སྒྲིལ  དབོར་སྐྱེལ། ཐག་གཅོད་བཅས་ཀྱི་མ་ལག་ཧྲིལ་བོར་དམ་དུ་འབྲེལ་ཏེ། སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་འབྲེལ་ཡོད་ཀྱི་སྒྲིག་སྲོལ་མ་ལག་འཐུས་ཚང་དུ་གཏོང་དགོས། འགྲོ་གྲོན་དང་རིན་གོང་། སྤྱི་ཚོགས་ཁེ་ཕན་བཅས་ལ་གཅིག་གྱུར་གྱིས་བསམ་གཞིགས་བཏང་ནས། གྲོན་བསྡུའི་རིན་གོང་གི་འདེགས་ཤིང་གི་བྱེད་ནུས་འདོན་སྤེལ་བྱས་ཏེ། འཚོ་བའི་གད་སྙིགས་རིགས་དབྱེ་བྱ་བར་སྐུལ་འདེད་གཏོང་བ་དང་། ལུགས་མཐུན་སྒོས་གད་སྙིགས་ཐག་གཅོད་སྒྲིག་ཆས་བཀོད་སྒྲིག་དང་གད་སྙིགས་ཀྱི་རིགས་དབྱེ་གཞི་ཁྱོན་གཅིག་བསྡུ་དང་ནུས་མཐོའི་ཐག་གཅོད་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།