བརྒྱད་པའི་བཅུ་བཞི་ཉིན་གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་བྱུང་བའི་ཡུལ་དངོས་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་སོལ་གཏེར་ཀུང་ཟིའི་ཚེ་ཐར་སོལ་གཏེར་དུ་བརྒྱད་པའི་བཅུ་བཞི་ཉིན་གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་བྱུང་བའི་ཡུལ་དངོས་བཀོད་འདོམས་པུའུ་ཡིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཤེས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་རྗེས། རང་ཞིང་གིས་ཡུལ་དངོས་བཀོད་འདོམས་པུའུ་བཙུགས་པ་དང་། མྱུར་དུ་མྱུར་སྐྱོབ་རྒུད་སྐྱོབ་དངོས་རྫས་འགན་སྲུང་བྱེད་པའི་གེགས་མེད་བགྲོད་ལམ་རྩ་འཛུགས་བྱས་ཏེ། དུས་ཐོག་ཏུ་འབྲེལ་ཡོད་དངོས་རྫས་ཁྲི་གསུམ་དང་བརྒྱ་ལྷག་མྱུར་སྐྱོབ་རྒུད་སྐྱོབ་ཀྱི་ཡུལ་དངོས་ལ་སྐྱེལ་འདྲེན་བྱས། ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་གྱི་དུས་ཚོད་ཉེར་གཅིག་བར་དུ་རིམ་པ་སོ་སོའི་ཉེན་སེལ་དང་སྤྱི་བདེ། འཕྲལ་བསྟུན། འཕྲོད་བསྟེན་བདེ་ཐང་། ཆེད་ལས་མྱུར་སྐྱོབ་དཔུང་སྡེ་བཅས་ཀྱི་མྱུར་སྐྱོབ་མི་སྣ་ཉིས་བརྒྱ་ལྷག་གིས་ཡུལ་དངོས་ན་མྱུར་སྐྱོབ་བྱེད་བཞིན་ཡོད། མིག་སྔར་མྱུར་སྐྱོབ་བྱ་བ་དེ་གོ་རིམ་ལྡན་པར་སྤེལ་བཞིན་ཡོད།

བརྒྱད་པའི་བཅུ་བཞི་ཉིན་གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཆུ་ཁོལ་ས་ཁུལ་གྱི་ནུབ་མཚོ་སོལ་གཏེར་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟིའི་ཚེ་ཐར་སོལ་གཏེར་གྱི་གསུམ་ཐིག་གཅིག་གཏེར་བརྐོ་ས་ཁུལ་དུ་བྱུང་བ་དང་། གསར་འགྱུར་བསྒྲགས་པའི་བར་དུ་མི་གཅིག་བསྐྱབས་པ་དང་མི་གཅིག་རྐྱེན་ལམ་དུ་ཤོར་ལ། མི་བཅུ་དགུ་ད་དུང་གཏེར་ཁྲོན་འོག་ཏུ་ལུས་ཡོད།

དོན་རྐྱེན་བྱུང་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་རེ་བ་བཏོན་པར་མ་ཟད་སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་གཏེར་ཁྲོན་འོག་ཏུ་ཡོད་པའི་མི་སྣ་མྱུར་སྐྱོབ་བྱས་ནས་ཚད་མཐོན་པོའི་སྒོ་ནས་ཤི་རྨས་གྲངས་ཀ་ཇེ་ཉུང་དུ་གཏོང་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་སྲིད་གཞུང་གིས་མྱུར་དུ་ཞིང་ཆེན་རིམ་པའི་རིམ་པ་གཉིས་པའི་འཕྲལ་བསྟུན་བྱེད་ཐབས་སྤྱོད་འགོ་བརྩམས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གཉིས་དུས་ཐོག་ཏུ་དོན་རྐྱེན་བྱུང་སའི་ཡུལ་དངོས་ལ་སོང་སྟེ་བཀོད་འདོམས་དང་བཀོད་སྒྲིག་བྱས་ཤིང་། འཕྲལ་བསྟུན་དོ་དམ་པུའུ་ཡིས་ཡུལ་དངོས་ལ་བྱ་བའི་ཚན་ཁག་དང་ཆེད་མཁས་པ་མངགས་ཏེ་མྱུར་སྐྱོབ་བྱ་བར་མཛུབ་སྟོན་བྱེད་བཞིན་ཡོད།

གསར་འགྱུར་མགྲིན་ཚབ་པ་དབྱིན་མའོ་ཝུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། གོ་རིམ་རྗེས་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་སྒོས་གཏེར་ཁྲོན་འོག་ཏུ་ལུས་པའི་མི་སྣ་འཚོལ་ཞིབ་དང་མྱུར་སྐྱོབ་བྱེད་པ་དང་། སྟོབས་ཤུགས་གང་ཡོད་སྒོས་མི་སྣའི་ཤི་རྨས་གྲངས་ཀ་ཇེ་ཉུང་དུ་གཏོང་དགོས་ལ། དེ་དང་མཉམ་དུ་འགྲིམ་འགྲུལ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་དང་རྒུད་སྐྱོབ་དཔུང་སྡེ་འགན་སྲུང་བྱས་ཏེ་དངོས་རྫས་དུས་ཐོག་ཏུ་ཡུལ་དངོས་ལ་འབྱོར་བར་བྱེད་དགོས། ཡུལ་དངོས་ཀྱི་བདེ་འཇགས་ཉེན་ཁར་གནད་འཁེལ་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། བདེ་འཇགས་དོགས་ཟོན་བྱེད་ཐབས་དངོས་འབེབས་མཐའ་འཁྱོལ་བྱེད་དགོས་པར་མ་ཟད་ཡང་བསྐྱར་དོན་རྐྱེན་འབྱུང་བ་གཏན་འགོག་བྱས་ནས་མྱུར་སྐྱོབ་བྱ་བ་གོ་རིམ་ལྡན་པར་སྤེལ་བར་འགན་སྲུང་བྱེད་དགོས།  དུས་ཐོག་ཏུ་དོན་རྐྱེན་དེའི་མྱུར་སྐྱོབ་ཀྱི་འཕེལ་རིམ་སོགས་གནས་ཚུལ་ཁྱབ་སྒྲོག་བྱེད་དགོས་པ་དང་། ཧུར་ཐག་དང་ནན་ཏན་སྒོས་སྤྱི་ཚོགས་ཀྱིས་ཡིད་འཇོག་བྱེད་པར་ལན་འདེབས་དགོས། འོས་འཚམ་སྒོས་རྗེས་མཐུད་ཀྱི་བྱ་བ་སྣ་ཚོགས་ལེགས་པར་བསྒྲུབ་དགོས།  བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་ཞིབ་བཤེར་བྱས་ཏེ་མྱུར་དུ་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་རྩད་གཅོད་དགོས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། མགྱོགས་མྱུར་སྒོས་སོལ་གཏེར་གཙོ་ཡིན་པའི་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་པོ་བྱས་ཏེ། ཉེན་ཁ་རྩ་བ་ནས་སེལ་དགོས་པ་དང་། གནད་དོན་ཐག་བཅད་ནས་བློ་ཐག་རྦད་ཆོད་སྒོས་རིགས་སོ་སོའི་དོན་རྐྱེན་འབྱུང་བར་དོགས་ཟོན་དང་བཀག་འགོག་བྱེད་དགོས།

གསར་འགོད་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། སོལ་གཏེར་དེར་བདེ་འཇགས་ཉེན་ཁ་ཚབས་ཆེན་གནས་ཡོད། ཟླ་བརྒྱད་པའི་ཚེས་གཉིས་ཉིན་མཚོ་སྔོན་སོལ་གཏེར་ལྟ་སྐུལ་ཅུའུ་ཡིས་སོལ་གཏེར་གྱི་སྒོ་བརྒྱབ་ནས་དག་ཐེར་བྱེད་དགོས་པའི་བཀའ་བབས་པར་མ་ཟད་བདེ་འཇགས་ཐོན་སྐྱེད་འཛིན་ཡིག་གནས་སྐབས་སུ་བླངས་ཤིང་། ཉེན་ཁར་ཞིབ་བཤེར་དང་དག་ཐེར་བཅོས་སྒྱུར་བྱེད་བཞིན་པའི་སྒང་ཡིན།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།